ཡེ་མེན་གྱི་རྒྱལ་ས་སཱ་ན་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས27ཉིན། ཡེ་མེན་གྱི་ཧུའུ་སའེ་དྲག་ཆས་དམག་དཔུང་གི་མགྲིན་ཚབ་པ་ཡེ་ཧའེ་ཡཱ·ས་ལེ་ཡ་ཡིས་བཤད་རྒྱུར། ཧུའུ་སའེ་དྲག་ཆས་དམག་དཔུང་གིས་ཨ་མེ་རི་ཁའི་མཚོ་དམག་གིས་རྒྱ་མཚོ་དམར་པོའི་ནང་བཀོད་སྒྲིག་བྱས་པའི་མཐར་སྐྲོད་དམག་གྲུ2ལ་མི་མེད་གནམ་གྲུའི་འཇབ་རྒོལ་བྱས་ཏེ། དམིགས་འབེན་ལ་ཡོ་གཟུར་མེད་པའི་སྒོ་ནས་ཕོག་ཡོད་ཟེར།
ས་ལེ་ཡ་ཡིས་མུ་མཐུད་ནས་བཤད་རྒྱུར། ཉེ་ལམ། ཧུའུ་སའེ་དྲག་ཆས་དམག་དཔུང་གིས་འཕུར་མདེལ་སྤྱད་དེ། ཧིན་རྡུ་རྒྱ་མཚོ་ཆེན་མོ་དང་རྒྱ་མཚོ་དམར་པོའི་སྟེང་སྐྱོད་མཁན་གྱི་དངོས་ཟོག་སྐྱེལ་འདྲེན་གྲུ་གཟིངས3ལ་འཇབ་རྒོལ་བྱས་ཡོད་ཟེར།
ས་ལེ་ཡ་ཡིས་འཇབ་རྒོལ་དེ་དག་སྤེལ་བའི་ཞིབ་ཕྲའི་དུས་ཚོད་མ་བཤད། ཁོས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་མཚམས་མ་བཞག་བར་དུ། ཧུའུ་སའེ་དྲག་ཆས་དམག་དཔུང་གིས་ཨ་མེ་རི་ཁ་དང་དབྱིན་ཇིའི་དམག་གྲུ་དང་མཚོ་ཐོག་སྐྱེལ་འདྲེན་ལམ་ཐིག་ཁག་གཅིག་ལ་འཇབ་རྒོལ་བྱེད་མཚམས་འཇོག་མི་སྲིད་ཟེར།
ཚེས26ཉིན། ཨ་མེ་རི་ཁའི་ཀྲུང་དབྱང་སི་ལིང་པུའུ་ཡིས་གསལ་བསྒྲགས་སྤེལ་ཏེ། ཨ་མེ་རི་ཁའི་མཚོ་དམག་གིས་ཉིན་དེའི་སྔ་དྲོར། ཧུའུ་སའེ་དྲག་ཆས་དམག་དཔུང་གིས་ཚོད་འཛིན་ཁུལ་ནས་འཕེན་གཏོང་བྱས་པའི་མི་མེད་གནམ་གྲུ་ཞིག་གྲུབ་འབྲས་ཐོབ་པའི་ངང་བཀག་འགོག་བྱས་ཡོད་ཟེར།
ན་ནིང་གི་ཟླ10པའི་ནང་དུ། ཕ་ལེ་སི་ཐན་དང་དབྱི་སི་རལ་བར་འཁྲུག་རྩོད་བྱུང་བ་ནས་བཟུང་། ཡེ་མེན་ཧུའུ་སའེ་དྲག་ཆས་དམག་དཔུང་གིས་མི་མེད་གནམ་གྲུ་དང་འཕུར་མདེལ་སྤྱད་དེ། རྒྱ་མཚོ་དམར་པོའི་ཆུ་ཁོངས་ཀྱི་འབྲེལ་ཡོད་དམིགས་འབེན་ལ་འཇབ་རྒོལ་ཐེངས་མང་བྱས་པ་རེད། ད་ལོའི་ཟླ1པའི་ཚེས12ཉིན་ནས་བཟུང་། ཨ་མེ་རི་ཁ་དང་དབྱིན་ཇིས་ཧུའུ་སའེ་དྲག་ཆས་དམག་དཔུང་གི་དམིགས་འབེན་ལ་མཁའ་རྒོལ་ཐེངས་མང་བྱས་པའི་དབང་གིས། དེ་བསྟུན་གྱི་སྒོ་ནས་མི་སྣར་ཤི་རྨས་ཕོག་ཡོད། རྒྱལ་ཁབ་ཁག་གཅིག་གིས་ཨ་མེ་རི་ཁ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱི་བྱ་སྤྱོད་ལ་རྒོལ་གཏམ་བཏང་ནས། དེ་ནི་ཡེ་མེན་གྱི་བདག་དབང་ལ་བཙན་འཛུལ་བྱས་པ་ཞིག་ཡིན་པས། ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་ཅན་དུ་གཏོང་ངེས་པའི་ངོས་འཛིན་བྱེད་ཀྱིན་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།