རྒྱལ་ཁབ་མང་བོའི་འཐུས་མིས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱིས་ཡང་བསྐྱར་ཐེ་ཝན་དང་འབྲེལ་བའི་གྲོས་གཞི་དང་ལེན་མ་བྱས་པའི་ཆོད་དོན་ལ་རྒྱབ་སྐྱོར་བྱས།
2024.05.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

སྐབས་དོན་བདུན་པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཚེས་ཉེར་བདུན་ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་ཚོགས་མགོ་བརྩམས། ཚོགས་ཆེན་ནས་ཉིན་དེར་ཆོད་དོན་སྤེལ་ཏེ། རྒྱལ་ཁབ་རེ་འགས་བཏོན་པའི་ཐེ་ཝན་ལྟ་ཞིབ་པའི་ཐོབ་ཐང་གིས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ལ་ཞུགས་པར་གདན་ཞུ་བྱེད་པའི་གྲོས་གཞི་དེ་ཚོགས་ཆེན་གྱི་གྲོས་རིམ་ནང་འཇོག་པར་ཁས་ལེན་མ་བྱས། རྒྱལ་ཁབ་མང་བོའི་འཐུས་མིས་ཉིན་དེར་གྲོས་ཚོགས་ཀྱི་གྲོས་རིམ་མཇུག་སྒྲིལ་རྗེས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱིས་ཡང་བསྐྱར་ཐེ་ཝན་དང་འབྲེལ་བའི་གྲོས་གཞི་དང་ལེན་མ་བྱས་པའི་ཆོད་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཅི་ལི་པཱ་སིའི་འཐུས་མི། རྒྱལ་ཁབ་དེའི་འཕྲོད་བསྟེན་དང་སྨན་བཅོས་ཞབས་ཞུའི་པུའུ་ཀྲང་སིན་ཐི་དབྱེ་སིན་ཐི་ཨང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་ཉུང་ཤོས་ཀྱིས་ཡང་དང་བསྐྱར་དུ་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་ཐེ་ཝན་དང་འབྲེལ་བའི་གནད་དོན་འུད་བརྗོད་བྱས་པས། ཚོགས་ཆེན་གྱིས་ཡང་བསྐྱར་ཐེ་ཝན་དང་འབྲེལ་བའི་གྲོས་གཞི་དང་ལེན་མ་བྱས་པའི་ཆོད་དོན་དེ་འདྲ་བཏོན་པར་གལ་འགངས་ཧ་ཅང་ཆེ། ཅི་ལི་པཱ་སི་ཡིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པའི་དམ་བཅའ་བརྟན་པོ་བསྐྱར་སྒྲོག་བྱས་ཡོད་ལ། ཐེ་ཝན་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁ་འབྲལ་ཐབས་མེད་པའི་ཁག་ཅིག་ཡིན་ཟེར།

ནི་ཁཱ་ར་ཀྭའི་འཐུས་མི། རྒྱལ་ཁབ་དེའི་འཕྲོད་བསྟེན་པུའུ་ཡི་དྲུང་ཡིག་ཆེན་མོ་ཁཱ་ལོ་སི་སཱ་ཨིན་སི་ཐའོ་ལོས་སི་ཡིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱལ་ཁབ་མང་ཆེ་བས་ཚོགས་ཆེན་གྱི་ཆོད་དོན་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་གཉིས་བདུན་ལྔ་བརྒྱད་དང་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་གྲོས་ཆོད་གཉིས་ལྔ་གཅིག་ལས་མངོན་གསལ་གྱིས་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་འཐུས་མི་ནི་ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་རྩ་འཛུགས་ཀྱི་ཁྲིམས་མཐུན་འཐུས་མི་གཅིག་པུ་ཡིན་པ་ཁས་ལེན་བྱས་ཡོད་ཟེར།

ཀུའེ་ནེ་ཡཱ་པུ་སོའི་འཐུས་མི། རྒྱལ་ཁབ་དེའི་པུ་ལི་ཧྲི་རུ་སྡོད་པའི་གཞུང་ཚབ་ཆེན་མོ་ལོ་ཕའེ་སི་ཡིས་བསྟན་དོན། ཀུའེ་ནེ་ཡཱ་པུ་སོ་ཡིས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་ཆོད་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། རྒྱུ་མཚན་ནི་ཆོད་དོན་དེ་ལུགས་མཐུན་དང་དྲང་བདེན་ཡིན་པས་རེད། དེ་ནི་སུའེ་ཙེར་གྱི་མངའ་སྡེ་གང་རུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་ཞེས་སུས་ཀྱང་བཤད་མི་རུང་བ་དང་གཅིག་འདྲ་ཡིན། འཛམ་གླིང་སྟེང་ཀྲུང་གོ་གཅིག་མ་གཏོགས་མེད་ལ། ཐེ་ཝན་ནི་ཀྲུང་གོའི་ཁག་ཅིག་ཡིན་ཟེར།

སྐབས་དོན་བདུན་པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན་ནས་ཟླ་དྲུག་པའི་ཚེས་གཅིག་ཉིན་བར་རི་ནེ་ཝ་ནས་འཚོག་རྒྱུ་ཡིན་པ་དང་། སྐབས་འདིའི་ཚོགས་ཆེན་གྱི་བརྗོད་སྙིང་ནི་ཡོད་ཚད་བདེ་ཐང་གི་ཆེད་ཡིན་ལ། མི་ཚང་མས་བདེ་ཐང་ཉམས་སུ་མྱོང་ཞེས་པ་དེ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།