གླིང་ཕྲན་ཆུང་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་སྐབས་བཞི་པ་ཚེས27ཉིན་ཨན་ཐིས་ཀྭ་དང་པཱ་པུའུ་ཏཱའི་རྒྱལ་ས་ཧྲིན་ཡའོ་ཧན་ནས་ཚོགས་མགོ་བརྩམས། ཚོགས་ཞུགས་ཀྱི་ལས་རིགས་སོ་སོའི་འཐུས་མིས་གླིང་ཕྲན་ཆུང་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མ་འོངས་པར་ཤུགས་རྐྱེན་ཐེབས་པའི་གནད་འགག་གི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད།
གྲོས་ཚོགས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཚོགས་ཡུན་ཉིན་བཞི་ཡིན་ལ། བརྗོད་སྙིང་ནི་བསྟུན་ནུས་ལྡན་ཞིང་དར་རྒྱས་མངོན་འགྱུར་བྱེད་པའི་ལམ་ཐིག་འབྲི་བཞེངས་བྱེད་དགོས་ཞེས་པ་དེ་རེད། གྲོས་ཚོགས་ནས་གླིང་ཕྲན་ཆུང་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ནུས་པར་དཔྱད་འཇོག་བྱེད་རྒྱུ་ཡིན་པ་དང་། དེའི་ནང་ཉིས་སྟོང་སུམ་ཅུ་ལོའི་གྲོས་རིམ་དང་དེའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པའི་ནུས་པ་སོགས་འདུས། གྲོས་ཚོགས་ནས་སྲིད་གཞུང་བར་གྲོས་མོལ་བྱས་ཤིང་གཙོ་གནད་འབུར་དུ་ཐོན་པ། སྔོན་དཔག་རང་བཞིན་ལྡན་ལ། འགུལ་སྐྱོད་གཙོར་འཛིན་པའི་ཆབ་སྲིད་ཀྱི་གྲུབ་འབྲས་ཡིག་ཆ་ཞིག་འགོད་རྒྱུ་རེད།
མིག་སྔར་གླིང་ཕྲན་ཆུང་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ནམ་ཟླའི་འགྱུར་ལྡོག་དང་སྔར་ལས་ཚབས་ཆེ་བའི་བུ་ལོན་དང་བདེ་ཐང་གནད་དོན་སོགས་འགྲན་རྩོད་མང་བོར་འཕྲད་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་གྲོས་ཚོགས་མགོ་རྩོམ་སྐབས་ཞུ་ཚིག་ཕུལ་ནས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་དང་ཁྱད་པར་དུ་གོང་གི་འགྲན་རྩོད་དེ་དག་ལ་འགན་འཁུར་བའི་བསམ་པ་དང་ནུས་པ་ཡོད་པའི་རྒྱལ་ཁབ་དག་གིས་གླིང་ཕྲན་ཆུང་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་པའི་འགན་འཁྲི་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། འཛམ་གླིང་ཡོངས་སུ་བསྡོམས་པས་གླིང་ཕྲན་ཆུང་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་སོ་དགུ་ཡོད། གླིང་ཕྲན་ཆུང་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་དེ་ལོ་བཅུའི་ནང་ཐེངས་རེ་སྤེལ་བཞིན་ཡོད་པ་དང་། སྐབས་སྔོན་མ་གསུམ་གྱི་གྲོས་ཚོགས་དེ་སོ་སོར་གཅིག་སྟོང་དགུ་བརྒྱ་གོ་བཞི་ལོ་དང་ཉིས་སྟོང་ལྔ་ལོ། ཉིས་སྟོང་བཅུ་བཞི་ལོ་བཅས་ལ་སོ་སོར་པཱ་པཱ་ཏའོ་སི་དང་མའོ་ལི་ཁྱིག་སི། སཱ་མའོ་ཡཱ་བཅས་སུ་བསྡུས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།