ཚེས27ཉིན་ཀྲུང་གོས་ཅོར་ཏན་གྱི་ས་ཨར་ཐེ་གཞུང་ལམ་རིམ་སྤོར་སྒྱུར་བཀོད་ལ་རོགས་སྐྱོར་བྱེད་པའི་ལས་གཞི་གཙོ་བོ་ལེགས་འགྲུབ་བྱུང་བའི་མཛད་སྒོ་ཅོར་ཏན་དབུས་ནུབ་རྒྱུད་ཀྱི་གྲོང་ཁྱེར་ས་ཨར་ཐེ་རུ་འཚོགས་པ་དང་། ཅོར་ཏན་གྱི་དབུ་བཞུགས་བློན་ཆེན་ཧཱ་སུའུ་ནའེ་དང་། ཅོར་ཏན་གྱི་སྤྱི་པའི་བཟོ་སྐྲུན་དང་སྡོད་ཁང་བློན་ཆེན་དང་འགྲིམ་འགྲུལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་འཁུར་མཁན་མ་ཞིར·ཨ་པུའུ་ས་མན། ཅོར་ཏན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲེན་ཁྲོན་ཏུང་སོགས་མཛད་སྒོར་ཞུགས།
ཨ་པུའུ·ས་མན་གྱིས་ཡུལ་དངོས་སུ་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ལས་གཞི་དེ་ཅོར་ཏན་གྱི་ཞིང་ལས་དང་ཡུལ་སྐོར་ལས་རིགས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། ཀྲུང་གོ་དང་ཅོར་ཏན་གྱི་ཁེ་ལས་ཀྱིས་མཉམ་དུ་ལག་བསྟར་བྱས་ནས་གྲུབ་པ་ཞིག་ཡིན་ཞིང་། དེ་ནི་ཀྲུང་གོ་དང་ཅོར་ཏན་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་གྲུབ་འབྲས་ཤིག་རེད། ཕྱོགས་གཉིས་ཀར་རྗེས་ཕྱོགས་མཉམ་ལས་ཀྱི་ལས་གཞི་དེ་ལས་མང་བ་ཡོང་བའི་རེ་བ་ཡོད།
ཁྲིན་ཁྲོན་ཏུང་གིས་ལས་གཞི་དེ་ནི་ཀྲུང་གོ་དང་ཅོར་ཏན་ཕྱོགས་གཉིས་ཀྱིས་མཉམ་དུ་བསྐྲུན་པའི་ལས་གཞི་ཞིག་ཡིན་པ་དང་རྒྱལ་ཁབ་གཉིས་ཀྱི་ཡུན་རིང་གི་མཛའ་གྲོགས་འབྲེལ་བ་མཚོན་ཡོད། གཞུང་ལམ་དེས་ཅོར་ཏན་མི་དམངས་ལ་སྟབས་བདེ་བསྐྲུན་ནས་བདེ་འཇགས་ཀྱི་ལམ་བུ་ཞིག་དང་འཕེལ་རྒྱས་ཀྱི་ལམ་བུ་ཞིག དར་རྒྱས་ཀྱི་ལམ་བུ་ཞིག་ཏུ་འགྱུར་རྒྱུ་དང་། དེ་ལས་ཀྱང་མཛེས་སྡུག་ལྡན་པའི་མ་འོངས་ཕྱོགས་སུ་བསྐྱོད་པའི་ལམ་བུ་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཡོད་ཟེར།
ཀྲུང་གོས་ཅོར་ཏན་གྱི་ས་ཨར་ཐེ་གཞུང་ལམ་རིམ་སྤོར་སྒྱུར་བཀོད་ཀྱི་ལས་གཞི་དེ་སྔར་ཡོད་རི་ཁུལ་གྱི་གཞུང་ལམ་སྒྱུར་བཀོད་ལས་གཞི་ཞིག་ཡིན་པ་རེད། གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ12.5ཡོད་པ་དང་། ཞེང་ཚད་ལ་སྨི18.8ཡོད་ཅིང་། སྔོན་ཆད་ཀྱི་ཕྱོགས་གཉིས་འཁོར་ལམ་གཉིས་ནས་ཕྱོགས་གཉིས་འཁོར་ལམ་བཞི་བར་རིམ་སྤོར་དང་རྒྱ་ཆེར་བཏང་ནས། ཕྱོགས་ཡོངས་ནས་རིམ་སྤོར་སྒྱུར་བཀོད་བྱས་པ་དང་མཉམ་དུ་གློག་སྒྲོན་དང་འགོག་སྲུང་། ཆུ་འབུད་སོགས་ཀྱི་སྒྲིག་ཆས་ཀྱང་སྒྲིག་སྦྱོར་བྱས་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།