འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐེངས77པ་རི་ནེ་ཝ་རུ་འཚོགས་མགོ་བརྩམས།
2024.05.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐེངས77པ་ཚེས27ཉིན་རི་ནེ་ཝ་རུ་འཚོགས་མགོ་བརྩམས་པ་དང་། ཐེངས་འདིའི་ཚོགས་ཆེན་གྱི་བརྗོད་དོན་ནི་ཡོད་ཚད་བདེ་ཐང་ཆེད། མི་ཚང་མས་བདེ་ཐང་ལོངས་སུ་སྤྱོད་ཞེས་པ་དེ་རེད།

ཐེངས་འདིའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་དུས་ཡུན་ཉིན་དྲུག་རེད། ཚོགས་ཆེན་སྐབས་སུ། ཚོགས་ཞུགས་འཐུས་མིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཐེངས་བཅུ་བཞི་པའི་བྱ་བའི་སྤྱིའི་འཆར་འགོད་ལ་ཆོག་མཆན་འགོད་རྒྱུ་ཡིན་ལ། དེ་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི2025ལོ་ནས2028ལོའི་བར་གྱི་འཛམ་གླིང་འཕྲོད་བསྟེན་འཐབ་ཇུས་ཡིན་ཞིང་། གཙོ་བོར་ནམ་ཟླའི་འགྱུར་ལྡོག་དང་རྒན་འགྱུར་ཅན། གནས་སྤོར་སྡོད་དམངས་དང་ཚན་རྩལ་ཡར་རྒྱས་སོགས་ཀྱི་གནས་བབ་ཀྱིས་བདེ་ཐང་དང་བདེ་སྐྱིད་ལ་ཤུགས་རྐྱེན་ཐེབས་པར་ཁ་གཏད་འཇལ་རྒྱུ་རེད། ཚོགས་ཞུགས་འཐུས་མིས་ད་དུང་འཁོར་སྐྱོད་ཆེན་མོའི་གཏན་འབེབས་ཀྱི་འཆར་ཟིན་དང་རྒྱལ་སྤྱིའི་འཕྲོད་བསྟེན་སྲོལ་ཡིག་གི་བཟོ་བཅོས་གཏན་འབེབས་སོགས་ཀྱི་བྱ་བར་གྲོས་མོལ་དང་གྲོས་ཞིབ་བྱེད་པ་དང་། ནམ་ཟླ་དང་འཕྲོད་བསྟེན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གློ་བུར་བྱུང་བའི་འཕྲོད་བསྟེན་དོན་རྐྱེན་ཁྲོད་ཀྱི་བྱ་བ། འགོ་ནད་རིགས་ཀྱི་ནད། འགོ་ནད་མིན་པའི་ནད། སེམས་ཁམས་བདེ་ཐང་། བུད་མེད་ཀྱི་བདེ་ཐང་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བཅོས་སྒྱུར་སོགས་གཞི་རྩར་འཛིན་དགོས་པའི་དོན་དག་རབ་དང་རིམ་པ་ཐག་གཅོད་བྱ་རྒྱུ་རེད།

མཉམ་འབྲེལ་རྒྱལ་ཁབ་ཀྱི་དྲུག་ཡིག་ཆེན་མོ་ཀུའུ་ཐི་ལའེ་སི་ཡིས་ཚོགས་ཆེན་མགོ་རྩོམ་མཛད་སྒོའི་སྟེང་བརྙན་རིས་གཏམ་བཤད་སྤེལ་ནས་བཤད་རྒྱུར།  འཛམ་གླིང་སྤྱི་བའི་འཕྲོད་བསྟེན་གྱིས་ཉེན་ཁ་སྣ་ཚོགས་ལ་གདོང་གཏད་ཡོད་དེ། བྱིས་པ་བྱེ་བ་གཉིས་ལྷག་ལ་རྒྱུན་ལྡན་གྱི་འགོག་སྨན་རྒྱག་ཐུབ་མེད་པ་དང་། འཛམ་གླིང་གི་ནམ་ཟླ་ཇེ་དྲོར་འགྲོ་བ་དང་འབྲེལ་བ་ཡོད་པའི་ཏིན་ཀི་ཚ་ནད་དང་ནད་རྟགས་གཞན་པ་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ད་ལོར་རྒྱལ་ཁབ་ཉི་ཤུ་ལྷག་ཏུ་སྐྱུག་བཤལ་རིམས་ནད་བྱུང་ཡོད་ཟེར།

ཀུའུ་ཐི་ལའེ་སི་ཡིས་བཤད་རྒྱུར། ཐེངས་འདིའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ནི་འཛམ་གླིང་གི་འཕྲོད་བསྟེན་འགྲན་སློང་མང་པོར་ཁ་གཏད་འཇལ་བའི་གོ་སྐབས་ཐེངས་ཤིག་ཡིན་པར་མ་ཟད། རྒྱལ་སྤྱིའི་སྒྲོམ་གཞི་བསྐྱར་འཛུགས་དང་དགོས་ངེས་ཀྱི་མ་ལག་བཙུགས་ནས་མ་འོངས་པའི་ཉེན་ཁར་ཁ་གཏད་འཇལ་བའི་གོ་སྐབས་ཐེངས་ཤིག་ཀྱང་ཡིན་ཞེས་བཤད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པ་ཐན་ཏི་སའེ་ཡིས་ཞུ་ཚིག་ཁྲོད་བཤད་རྒྱུར། རྒྱལ་ཁབ140ཙམ་གྱིས་རྩ་ཁྲིམས་ཁྲོད་བདེ་ཐང་ཁེ་དབང་ཁས་ལེན་བྱས་ཡོད། འོན་ཀྱང་། འཛམ་གླིང་གི་ས་ཆ་སོ་སོར། བདེ་ཐང་ཁེ་དབང་མངོན་འགྱུར་བྱེད་དཀའ་བ་དང་དེར་འཇིགས་སྐུལ་ཐེབས་བཞིན་ཡོད། འཛམ་གླིང་སྟེང་གི་མི་གྲངས་ཕྱེད་ཀ་ཙམ་ལ་གཞི་རྩའི་སྨན་བཅོས་ཞབས་ཞུ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་མེད་ལ། མི་ཐེར་འབུམ་གཅིག་སྨན་རིན་རང་གིས་སྤྲོད་དགོས་པའི་རྐྱེན་དཔལ་འབྱོར་གྱི་དཀའ་ངལ་འབྱུང་བཞིན་ཡོད། པྲོག་གསར་རིམས་ནད་མ་བྱུང་སྔོན་དུ།  འཛམ་གླིང་རྒྱུད་མཐུད་ཐུབ་པའི་འཕེལ་རྒྱས་དམིགས་འབེན་ཁྲོད་ཀྱི་བདེ་ཐང་དང་འབྲེལ་བ་ཡོད་པའི་དམིགས་འབེན་གྱི་ལམ་བུའི་སྟེང་བསྐྱོད་ཐུབ་མེད་ཅིང་། ད་ལྟ། ང་ཚོ་སྔར་ལས་རྗེས་སུ་ལུས་ཡོད། ད་ལྟ་ནས2030ལོའི་བར། ང་ཚོས་ངེས་པར་དུ་ནུས་ཤུགས་ཅི་ཡོད་བཏོན་ནས། རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་ཐུབ་བྱེད་དགོས་ཟེར།

ཐན་ཏི་སའེ་ཡིས་བཤད་རྒྱུར། བདེ་ཐང་གིས་འཛམ་གླིང་ལ་ཕན་པ་བསྐྲུན་པར་སྐུལ་འདེད་དང་སྲུང་སྐྱོབ་བྱས་ཏེ། འཛམ་གླིང་འཕྲོད་བསྟེན་མཉམ་ལས་བྱ་བ་རྒྱལ་ཁབ་ཡོད་ཚད་ཀྱི་ཁེ་ཕན་དང་འཚམ་པའི་སྒོ་ནས་སྤེལ་དགོས་ཤིང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མི་ཚང་མ་ཚད་གཞི་མཐོ་བའི་བདེ་ཐང་ཆུ་ཚད་དུ་སླེབས་པར་འབད་པ་བྱེད་དགོས་ཟེར།

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེས་མཐོ་བའི་ཇུས་ཆོད་ལས་ཁུངས་ཡིན་པ་དང་། རྒྱུན་ལྡན་ལྟར་ན་ལོ་ལྔ་རེའི་ནང་རི་ནེ་ཝ་རུ་གྲོས་ཚོགས་བསྡུ་བཞིན་ཡོད། ཚོགས་ཆེན་གྱི་འགན་ནུས་གཙོ་བོ་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྲིད་ཇུས་ཐག་གཅོད་བྱེད་པ་དང་། སྔོན་རྩིས་ཇུས་གཞིར་གྲོས་ཞིབ་དང་ཆོག་མཆན་འགོག་པ་སོགས་ཡིན།

རིག་འཛིན་སྒྲོལ་མས་བསྒྱུར།