ནོར་ཝེ་དང་ཨིར་ལན། སི་ཕེན་བཅས་ཀྱིས་དངོས་སུ་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱས།
2024.05.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ནོར་ཝེ་དང་ཨིར་ལན། སི་ཕེན་བཅས་ཀྱི་སྲིད་གཞུང་གིས་ཚེས28ཉིན་སོ་སོར་ཁྱབ་བསྒྲགས་བྱས་དོན། ཉིན་དེ་ནས་བཟུང་དངོས་སུ་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱས་ཡོད་ཟེར།

ནོར་ཝེ་སྲིད་གཞུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ནས། ནོར་ཝེ་ཡིས་ནམ་རྒྱུན་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པར་རྒྱབ་སྐྱོར་གང་ལེགས་བྱེད་མཁན་ཡིན་ཟེར། གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ནོར་ཝེའི་ཕྱི་འབྲེལ་བློན་ཆེན་ཨེ་ཏི་ཡིས་ཚེས26ཉིན་པུ་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་ནས་ཕཱ༂ལེ་སི་ཐན་གྱི་ཙུང་ལི་མུའུ་སི་ཐཱ་ཧྥ་ལ་ཐུག་འཕྲད་བྱས་པ་དང་། དེར་དངོས་སུ་ཁས་ལེན་བྱས་པའི་ཡིག་ཆ་སྤྲད་པ་རེད།

ཚེས28ཉིན་ཨིར་ལན་སྲིད་གཞུང་གིས་ཀྱང་གསལ་སྒྲོག་སྤེལ་ཏེ་དངོས་སུ་ཕཱ་ལེ་སི་ཐན་ནི་བདག་དབང་སྒེར་ཚུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་ཁས་ལེན་བྱས་པར་མ་ཟད། ཕཱ་ལེ་སི་ཐན་རྒྱལ་ཁབ་བར་ཕྱི་ཕྱོགས་འབྲེལ་བ་འཛུགས་རྒྱུ་ཡིན་ཟེར། ཨིར་ལན་དུ་སྡོད་པའི་ཕཱ་ལེ་སི་ཐན་གྱི་འཐུས་མིའི་ཁྲུའུ་དེ་ཕཱ་ལེ་སི་ཐན་གཞུང་ཚབ་ཁང་དུ་རིམ་པ་འཕར་བ་དང་། ལཱ་མུའུ་ཨན་ལཱ་རུ་སྡོད་པའི་ཨིར་ལན་གྱི་འཐུས་མིའི་ཁྲུའུ་དེ་ཨིར་ལན་གཞུང་ཚབ་ཁང་དུ་རིམ་པ་འཕར་བ་རེད།

ཨིར་ལན་གྱི་ཙུང་ལི་ཧཱ་ལི་སི་ཡིས་ཉིན་དེར་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ནི་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་ཞི་བདེ་དང་བདེ་འཇགས། མཉམ་གནས་བཅས་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན། ཨིར་ལན་གྱིས་ཡང་བསྐྱར་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

སི་ཕེན་གྱི་དབུ་བཞུགས་བློན་ཆེན་སིང་ཆེ་སི་ཡིས་ཉིན་དེར་གཏམ་བཤད་སྤེལ་ཏེ། དེ་ནི་ལོ་རྒྱུས་དྲང་བདེན་གྱི་གནད་དོན་ཅིག་ཡིན་པར་མ་ཟད། ཞི་བདེའི་ཕྱོགས་སུ་བསྐྱོད་པའི་ཐབས་ལམ་ཉག་ཅིག་ཡིན་ཟེར། ཁོས་ད་རུང་བསྟན་དོན། སི་ཕེན་གྱིས་མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་སྐུལ་འདེད་བཏང་ནས་མངོན་འགྱུར་བྱེད་པར་བརྩོན་རྒྱུ་ཡིན་ཟེར།

ཧི་ལན་གྱི་དབུ་བཞུགས་བློན་ཆེན་ལོས་ཐི་དང་ཕྱི་འབྲེལ་བློན་ཆེན་སི་ལོ་ཐི་གཉིས་ཀྱིས་ཚེས27ཉིན་སོ་སོར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། དབྱི་སི་རལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ཁྲིམས་ཁང་གིས་ཚེས24ཉིན་སྤེལ་བའི་གནས་སྐབས་བྱེད་ཐབས་བརྩི་འྲུང་བྱས་ཏེ། མྱུར་མོར་ལཱ་ཧྥའི་དམག་དོན་འགུལ་སྐྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ལོ་མང་བོའི་རིང་ལ། ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པའི་འཕེལ་རིམ་ལ་བཀག་རྒྱ་ཐེབས་ཡོད་ཀྱང་། ཕཱ་ལེ་སི་ཐན་དེ་རྒྱལ་ཁབ་མང་བོར་རྒྱ་ཆེར་ཁས་ལེན་ཐོབ་ཡོད། ཚེས22ཉིན་ནོར་ཝེ་དང་ཨིར་ལན། སི་ཕེན་བཅས་ཀྱིས་སོ་སོར་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱས་པ་ཁྱབ་བསྒྲགས་བྱས་པར་མ་ཟད། ཆོད་དོན་དེ་ཟླ་འདིའི་ཚེས28ཉིན་ནུས་ལྡན་དུ་འགྱུར་བའི་ཚུལ་བསྟན། ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་གིས་དེའི་རྗེས་སུ་གསལ་སྒྲོག་སྤེལ་ནས། རྒྱལ་ཁབ་གསུམ་གྱིས་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱས་པའི་ཆོད་དོན་དེར་དགའ་བསུ་ཞུས་པ་དང་། ད་རུང་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱས་མེད་པའི་རྒྱལ་ཁབ་དག་གིས་འགན་འཁྲི་ཁུར་དུ་བླངས་ནས། ཕཱ་ལེ་སི་ཐན་མི་དམངས་ཀྱི་རང་ཐག་གཅོད་པའི་དབང་ཆ་ཁས་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།