ཨེ་ཅིབ་དང་ཁཱ་ཐར། ཨ་མེ་རི་ཁ་བཅས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་སླར་གསོ་བྱེད་པར་ཤུགས་འདོན་བཞིན་ཡོད།
2024.05.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཨེ་ཅིབ་ཀྱི་ཁེ་རོ་གསར་འགྱུར་བརྙན་འཕྲིན་ཁང་གིས་ཚེས28ཉིན་བསྒྲགས་པ་ལྟར་ན། ཨེ་ཅིབ་ཀྱིས་ཁཱ་ཐར་དང་ཨ་མེ་རི་ཁའི་ཕྱོགས་བར་མཐུན་སྦྱོར་བྱས་ནས། དབྱི་སི་རལ་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་བར་གྱི་གྲོས་མོལ་སླར་གསོ་བྱེད་པར་ཤུགས་བཏོན་ནས་འཁྲུག་རྩོད་མཚམས་འཇོག་པ་དང་བཀག་འཇུག་མི་སྣ་བརྗེ་སྤོར་བྱེད་པར་གྲོས་འཆམ་འབྱུང་བར་བརྩོན་བཞིན་ཡོད་ཟེར།

ཁེ་རོ་གསར་འགྱུར་བརྙན་འཕྲིན་ཁང་གིས་ཨེ་ཅིབ་བདེ་འཇགས་སྡེ་ཁག་གི་མཐོ་རིམ་དཔོན་པོ་ཞིག་གི་སྐད་ཆ་དྲངས་ནས་བཤད་རྒྱུར། ཨེ་ཅིབ་ཀྱིས་འབྲེལ་ཡོད་ཕྱོགས་སོ་སོར་བརྡ་བཏང་སྟེ། དབྱི་སི་རལ་གྱིས་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་གྱི་དམག་དོན་འགུལ་སྐྱོད་ལ་ཤུགས་སྣོན་བྱས་པ་ལས་གྲོས་མོལ་ལ་གཏོར་བརླག་བཏང་ཡོད་པར་མ་ཟད་འཇིགས་སུ་རུང་བའི་མཇུག་འབྲས་འབྱུང་སྲིད་ཟེར། ཨེ་ཅིབ་ཀྱིས་ཕཱ་ལེ་སི་ཐན་དང་རྒྱལ་སྤྱིའི་ཕྱོགས་ཁག་སོ་སོའི་བར་ལཱ་ཧྥ་རྒྱུ་ལམ་བེད་སྤྱོད་བྱེད་པ་བསྐྱར་སྒྲོག་བྱས་ཀྱང་། དེའི་ཐད་ནས་དབྱི་སི་རལ་བར་མཐུན་སྦྱོར་བྱེད་མི་སྲིད་ཟེར།

བསྒྲགས་པ་ལྟར་ན། ཨེ་ཅིབ་ཀྱིས་མུ་མཐུད་དུ་ཕཱ་ལེ་སི་ཐན་མི་དམངས་ལ་རྒྱབ་སྐྱོར་བྱེད་པ་དང་། གང་ནུས་ཀྱི་བྱེད་ཐབས་གང་རུང་ལ་བརྟེན་ནས་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་རྒྱུའི་ཆོད་སེམས་ཡོད་ཟེར།

དབྱི་སི་རལ་གྱི་འབྲེལ་ཡོད་མི་སྣས་ཚེས25ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གསང་འཕྲིན་དང་དམིགས་བསལ་མཁོ་སྒྲུབ་ཅུའུ་ཡི་ཅུའུ་ཀྲང་པཱ་ཨར་ནེ་ཡཱ་ཡིས་ཉིན་དེར་ཧྥ་རན་སིའི་ཕཱ་རེ་སི་ནས་ཨ་མེ་རི་ཁའི་ཀྲུང་དབྱང་གསང་འཕྲིན་ཅུའུ་ཡི་ཅུའུ་ཀྲང་པའོ་ཨིན་སི་དང་ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་མུའུ་ཧན་མའོ་ཏི་གཉིས་ལ་ཐུག་འཕྲད་བྱས་པ་དང་། མི་དེ་གསུམ་གྱིས་གྲོས་མོལ་བྱེད་སྐབས་ཨེ་ཅིབ་དང་ཁཱ་ཐར་གྱིས་གསར་དུ་བཏོན་པའི་གྲོས་གཞི་གཞིར་བཟུང་ནས་གྲོས་མོལ་སླར་གསོ་བྱེད་རྒྱུ་ཐག་བཅད།

གཞན་ཡང་ཧཱ་མཱ་སིའི་འབྲེལ་ཡོད་མི་སྣ་ཞིག་གིས་ཚེས27ཉིན་བསྟན་དོན། དབྱ་སི་རལ་གྱི་དམག་དཔུང་གིས་ཚེས26ཉིན་གྱི་དགོང་མོར་ལཱ་ཧྥ་རུ་འཇབ་རྒོལ་བྱས་རྗེས། ཧཱ་མཱ་སི་ཡིས་འདུམ་འགྲིག་བྱེད་མཁན་ལ་བརྡ་བཏང་སྟེ། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་བཀག་འཇུག་མི་སྣའི་བརྗེ་སྤོར་སོགས་ལ་འབྲེལ་བའི་གྲོས་མཐུན་གང་རུང་གི་གྲོས་མོལ་ལ་ཞུགས་མི་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།