ཨན་ནོའུ་ཧྲིན་གྱིས་ཁུང་མེན་སྐྱེ་དངོས་སྣ་མང་ཅན་གྱི་ཐེབས་རྩ་བེད་སྤྱོད་བྱེད་མགོ་བརྩམས་པར་དོན་སྙིང་གལ་ཆེན་ལྡན་པའི་ཚུལ་བསྟན།
2024.05.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པའམ་ཁོར་ཡུག་འཆར་འགོད་ཁང་གི་ལག་བསྟར་ཀྲུའུ་རིན་ཨན་ནོའུ་ཧྲིན་གྱིས་ཚེས28ཉིན་བསྟན་དོན། ཁུང་མེན་སྐྱེ་དངོས་སྣ་མང་ཅན་གྱི་ཐེབས་རྩ་བེད་སྤྱོད་བྱེད་མགོ་བརྩམས་པར་དོན་སྙིང་གལ་ཆེན་ལྡན་པ་དང་། དེས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པར་རོགས་རམ་བྱེད་ཐུབ་ཟེར།

ཨན་ནོའུ་ཧྲིན་གྱིས་ཉིན་དེར་པེ་ཅིང་དུ་ཁུང་མེན་སྐྱེ་དངོས་སྣ་མང་ཅན་གྱི་ཐེབས་རྩའི་མཉམ་ལས་གྲོས་མཐུན་ལ་མིང་འགོད་པའི་མཛད་སྒོར་ཞུགས་རྗེས་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཀྲུང་གོ་ནི་སྐྱེ་དངོས་སྣ་མང་ཅན་གྱི་སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་གི་ཚོགས་ཆེན་ཐེངས་བཅོ་ལྔ་བའི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། ཉིས་སྟོང་ཉེར་གཅིག་ལོར་མི་དམངས་ཤོག་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔའི་མ་དངུལ་བཏང་སྟེ་ཁུང་མེན་སྐྱེ་དངོས་སྣ་མང་ཅན་གྱི་ཐེབས་རྩ་འཛུགས་པ་སོགས་ཀྱི་བྱེད་ཐབས་བཏོན་པ་ཁྱབ་བསྒྲགས་བྱས་ཡོད་ཟེར།

ཨན་ནོའུ་ཧྲིན་གྱིས་བསྟན་དོན། ཀྲུང་གོ་ནི་སྐྱེ་དངོས་སྣ་མང་ཅན་གྱི་སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་གི་ཚོགས་ཆེན་ཐེངས་བཅོ་ལྔ་བའི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། སྣེ་ཁྲིད་དེ་ཁུང་མེན་དང་མིན་ཐི་ལེ་ཨར་འཛམ་གླིང་ཡོངས་ཀྱི་སྐྱེ་དངོས་སྣ་མང་ཅན་གྱི་སྒྲོམ་གཞི་བཀོད་པ་དང་། སྒྲོམ་གཞི་དེའི་ནང་འགུལ་སྐྱོད་དམིགས་འབེན་ཉེར་གསུམ་བཀོད་སྒྲིག་བྱས་ཡོད། དམིགས་འབེན་དེ་དག་ཡོངས་འགྲུབ་བྱེད་པ་ནི་བལྟོས་བཅས་ཀྱིས་དབུལ་ཕོངས་ཡིན་པའི་རྒྱལ་ཁབ་དག་ལ་མཚོན་ན་འགྲན་རྩོད་ཆེན་པོ་ལྡན། མིག་སྔར་རྒྱལ་ཁབ་མང་བོར་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པར་མཁོ་བའི་ཐོན་ཁུངས་དཀོན་པས་འབྲེལ་ཡོད་ཀྱི་རྒྱབ་སྐྱོར་ཐོབ་དགོས། རྒྱལ་ཁབ་གཞན་པ་དག་གིས་ཁུང་མེན་སྐྱེ་དངོས་སྣ་མང་ཅན་གྱི་ཐེབས་རྩ་དང་ཐབས་ལམ་གཞན་པ་བརྒྱུད་དེ་སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན།

ཨན་ནོའུ་ཧྲིན་གྱིས་བལྟས་ན། སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ་བྱེད་པའི་ཕྱོགས་ནས། ཀྲུང་གོས་དཀའ་སྡུག་གི་འབད་བརྩོན་བྱས་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད། ཀྲུང་གོས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མ་མཐའི་ཚད་ཐིག་ལམ་ལུགས་བཙུགས་ཡོད་པ་དང་། རྒྱལ་ཁབ་སྤྱི་གླིང་བཙུགས་ནས་ཤུགས་ཆེན་པོས་བརླན་སར་སྲུང་སྐྱོབ་བྱེད་བཞིན་ཡོད་ལ། དེ་ནི་འཛམ་གླིང་སྟེང་སྡོང་དམར་ནགས་ཀྱི་རྒྱ་ཁྱོན་ཇེ་ཆེར་འགྲོ་བའི་རྒྱལ་ཁབ་ཉུང་ཤས་ཀྱི་གྲས་ཡིན། ཀྲུང་གོའི་རི་སྐྱེས་དོམ་ཁྲའི་ཁ་གྲངས་མྱུར་མོར་ཇེ་མང་དུ་སོང་ཡོད་ལ། འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་གྱིས་དོམ་ཁྲའི་སྲུང་སྐྱོབ་རིམ་པ་དེ་རྒྱུད་ཆད་ལ་ཉེ་བ་ནས་རྒྱུད་ཆད་པའི་ཉེན་ཁ་ཅན་གྱི་རིམ་པར་བསྒྱུར་ཡོད། ཀྲུང་གོས་སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ་བྱེད་པའི་ཐད་ནས་ཕུན་སུམ་ཚོགས་པའི་ཉམས་མྱོང་བསགས་ཡོད་པས། ང་ཚོས་ཉམས་མྱོང་དེ་དག་རྒྱལ་ཁབ་གཞན་པར་བརྒྱུད་སྤྲོད་བྱེད་ཐུབ་པར་རེ་བཞིན་ཡོད་ཟེར།

སྐྱེ་དངོས་སྣ་མང་ཅན་གྱི་སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་གི་ཚོགས་ཆེན་ཐེངས་བཅུ་དྲུག་པ་དེ་ད་ལོར་ཁོ་ལོམ་པུ་ཡཱ་རུ་བསྡུ་རྒྱུ་ཡིན་པ་དང་། ཐེངས་འདིའི་ཚོགས་ཆེན་གྱི་རེ་སྒུག་གླེང་དུས། ཨན་ནོའུ་ཧྲིན་གྱིས་བསྟན་དོན། ཁོ་མོས་རྒྱལ་ཁབ་སོ་སོས་རང་རང་གི་སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོབ་ཐད་ཀྱི་འགུལ་སྐྱོད་འཆར་གཞི་གསར་བསྒྱུར་བྱེད་པ་དང་། ཕྱོགས་སོ་སོས་མ་དངུལ་ཐད་ནས་ངོ་བོ་རང་བཞིན་ལྡན་པའི་གྲུབ་འབྲས་ལོན་པར་རེ་སྒུག་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།