དབྱི་སི་རལ་གྱིས་བར་སྣང་ནས་ལཱ་ཧྥ་ས་ཁུལ་དུ་འཇབ་རྒོལ་བྱས་པ་ལས“བསམ་ཡུལ་ལས་འདས་པའི་མེ་སྐྱོན”བྱུང་ནས་མང་ཚོགས་ལ་ཤི་རྨས་བཟོས།
2024.05.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

དབྱི་སི་རལ་གྱི་རྒྱལ་སྲུང་དམག་མིའི་མགྲིན་ཚབ་པ་ཧཱ་ཅཱ་ལི་ཡིས་ཚེས28ཉིན་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གིས་ཚེས26ཉིན་གྱི་དགོང་མོར་ཅཱ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་གྲོང་ཁྱེར་ལཱ་ཧྥ་རུ་བར་སྣང་ནས་འཇབ་རྒོལ་བྱས་རྗེས“བསམ་ཡུལ་ལས་འདས་པའི་མེ་སྐྱོན”བྱུང་བར་མ་ཟད་མང་ཚོགས་ལ་ཤི་རྨས་བཟོས་པ་དང་། དབྱི་སི་རལ་ཕྱོགས་ཀྱིས་མེ་སྐྱོན་བྱུང་བའི་ཞིབ་ཕྲའི་རྒྱུ་རྐྱེན་ལ་བརྟག་དཔྱོད་བྱེད་བཞིན་ཡོད་ཟེར།

ཧཱ་ཅཱ་ལི་ཡིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གིས་ཚེས26ཉིན་གྱི་དགོང་མོར་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧཱ་མཱ་སིའི“ར་སྐོར”ཆེན་པོ་ཞིག་གི་ནང་དུ་གནས་གཏན་འཁེལ་གྱི་བར་སྣང་འཇབ་རྒོལ་བྱས་ཏེ། ཧཱ་མཱ་སིའི་མཐོ་རིམ་མི་སྣ་ཞིག་བསད། ཡིད་སྐྱོ་བ་ཞིག་ལ། འཇབ་རྒོལ་ཐེབས་རྗེས་སྔོན་དཔག་བྱེད་མི་ཐུབ་པའི་གནས་ཚུལ་བྱུང་བའི་རྐྱེན་གྱིས། མེ་སྐྱོན་གྱིས་ཐག་ཉེ་བའི་ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་ཀྱི་ཚེ་སྲོག་ལ་གནོད་པ་ཐེབས་ཟེར།

ཧཱ་ཅཱ་ལི་ཡིས་བཤད་རྒྱུར། དབྱི་སི་དམག་དཔུང་གིས་བར་སྣང་ནས་འཇབ་རྒོལ་བྱེད་སྐབས“སྤྱི་རྒྱ17ཡོད་པའི་འབར་གས་ཀྱི་རྫས་མདེལ་གཉིས་བེད་སྤྱོད་བྱས་ཡོད”ཀྱང་། “གཞི་ཁྱོན་དེ་འདྲའི་མེ་སྐྱོན་འབྱུང་མི་སྲིད”ལ། མེ་སྐྱོན་དེའི་འབྱུང་རྐྱེན་ནི་དམིགས་འབེན་འགྲམ་གྱི“ར་སྐོར”དེའི་ནང་དུ་དྲག་ཆས་མཚོན་ཆ་བཞག་ཡོད་ཀྱང་སྲིད་པ་རེད། ཁོས་དབྱི་སི་རལ་ཕྱོགས་ཀྱིས་དོན་དག་གི་འབྱུང་རྐྱེན་ཡོད་ཚད་ལ་བརྟག་དཔྱོད་བྱེད་རྒྱུ་རེད་ཟེར།

ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་ཚེས26ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་དགོང་མོར་ལཱ་ཧྥ་ཡི་ཡུལ་གྱར་བའི་སྒར་ས་ཞིག་འགས་གཏོར་བཏང་སྟེ།  ཉུང་མཐར་ཡང་མི40རྐྱེན་ལམ་དུ་ཤོར། བསྒྲགས་པའི་གནས་ཚུལ་ལས་ཡུལ་གྱར་བའི་སྒར་སའི་ནང་དུ་འགྲོ་སའི་ཁྱིམ་མེད་པའི་མི་མང་པོ་ཞིག་ཡོད་པ་དང་། འགས་གཏོར་ལས་རྒྱ་ཁྱོན་ཆེན་པོའི་མེ་སྐྱོན་བྱུང་བར་བཤད།

ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་གསར་འགྱུར་བསྒྲགས་མཁན་གྱིས་ཚེས28ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་ཕྱི་དྲོར་ཡང་བསྐྱར་ལཱ་ཧྥ་ཡི་ཡུལ་གྱར་བའི་སྒར་ས་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི20རྐྱེན་ལམ་དུ་ཤོར་ཞིང་། དབྱི་སི་རལ་དམག་གིས་འགས་གཏོར་བཏང་བའི་ས་གནས་ནི་དབྱི་སི་རལ་གྱིས་གཏན་འཁེལ་བྱས་པའི“མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ས་ཁུལ”ཡིན་ལ། དབྱི་སི་རལ་དམག་དཔུང་གིས་དེའི་རྗེས་སུ་གསལ་བསྒྲགས་སྤེལ་ནས་མི་ཆོས་རིང་ལུགས་ཀྱི་ས་ཁུལ་ལ་འཇབ་རྒོལ་བྱས་པ་ཁས་ལེན་མ་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས28ཉིན་མགྲིན་ཚབ་པ་བརྒྱུད་དེ་ཏེས་ཡ་ལིས་ཁི་རུ་གསལ་བསྒྲགས་སྤེལ་ནས་དབྱི་སི་རལ་དམག་དཔུང་གིས་ཚེས26ཉིན་ལཱ་ཧྥ་ཡི་ཡུལ་གྱར་བའི་སྒར་སར་བར་སྣང་ནས་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་། གསལ་བསྒྲགས་ནང་བཤད་རྒྱུར། ཀུའུ་ཐི་ལེ་སི་ཡིས་ཡང་བསྐྱར་མྱུར་མོར་འཐབ་འཁྲུག་མཚམས་འཇོག་པ་དང་། ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་བཀག་ཉར་བྱས་པའི་མི་ཚང་མ་བཙོན་གྲོལ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། མཉམ་འབྲེལ་རྒྱལ་ཚོགས་རྒྱལ་སྤྱིའི་ཁྲིམས་ཁང་གིས་དབྱི་སི་རལ་གྱིས་ལཱ་ཧྥ་རུ་དམག་དོན་འགུལ་སྐྱོད“གནས་སྐབས་བྱེད་ཐབས”ཀྱི་ཚད་བཀག་མྱུར་མོར་མཚམས་འཇོག་པ་དེར་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་བླང་བྱ་བཏོན་ཡོད།

ཚེ་རིང་སྒྲོལ་མས་བསྒྱུར།