ཝང་དབྱི་ཡིས་ཡེ་མིན་གྱི་ཕྱི་འབྲེལ་བློན་ཆེན་ཙན་ཏ་ཉིས་དང་སུའུ་ཏན་གྱི་ཕྱི་འབྲེལ་བློན་ཆེན་ཧུག་སའེ་དབྱིན་ལ་ཐུག་འཕྲད་བྱས།
2024.05.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཚེས་ཉེར་བརྒྱད་ཉིན་པེ་ཅིང་དུ་སོ་སོར་ཀྲུང་གོ་འཚམས་འདྲི་དང་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་བཅུ་པར་ཞུགས་ཏུ་ཡོང་བའི་ཡེ་མིན་གྱི་ཕྱི་འབྲེལ་བློན་ཆེན་ཙན་ཏ་ཉིས་དང་སུའུ་ཏན་གྱི་ཕྱི་འབྲེལ་བློན་ཆེན་ཧུག་སའེ་དབྱིན་གཉིས་ལ་ཐུག་འཕྲད་བྱས།

ཙན་ཏ་ཉིས་ལ་ཐུག་འཕྲད་བྱེད་སྐབས་ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཡེ་མིན་གྱིས་བདག་དབང་དང་སྒེར་ཚུགས། གཅིག་གྱུར་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་བྱེད་པར་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱེད་རྒྱུ་དང་། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་ལ་མཐོང་ཆེན་གཙིག་འཛིན་བྱེད་རྒྱུ་ཡིན། མཚོ་དམར་གྱི་བྲེལ་མྱུར་ཆེ་བའི་གནས་བབ་ནི་ཅ་ཧྲའི་འགལ་ཟླ་ཕྱིར་ཤོར་བའི་འབུར་ཐོན་གྱི་མཚོན་རྟགས་ཤིག་རེད། ཀྲུང་གོ་ཕྱོགས་ཀྱིས་དམངས་ཀྱི་གྲུ་གཟིངས་ལ་འཇབ་རྒོལ་དང་བར་ཆད་བཟོ་བའི་བྱ་སྤྱོད་མཚམས་འཇོག་པ་དང་། མཚོ་དམར་མཚོ་ཁོངས་ཀྱི་འགྲུལ་ལམ་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་བཏང་།  ཡེ་མིན་གྱི་གནད་དོན་ཕྱོགས་སོ་སོས་ཆབ་སྲིད་ཀྱི་ཐོག་ནས་ཁ་ཕྱོགས་ཆེན་པོ་ཐག་གཅོད་བྱེད་པ་རྒྱུན་འཁྱོངས་བྱས་ནས། མུ་མཐུད་དུ་ཁ་བརྡ་གྲོས་མོལ་བྱས་པ་བརྒྱུད་འགལ་ཟླ་སེལ་ཐུབ་བྱེད་རྒྱུ་ཡིན་ཟེར།

ཙན་ཏ་ཉིས་ཀྱིས་བཤད་རྒྱུར། ཡེ་མིན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱེད་རྒྱུ་ཡིན། ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་བཅུ་པ་སྤེལ་བ་ལས་ཀྲུང་གོ་དང་ཨ་རབ་ཀྱི་ཐུན་མོང་མཉམ་ལས་ལ་སྐུལ་འདེད་བཏང་ནས་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་ཡིད་ཆེས་ཡོད་ཟེར།

ཧུག་སའེ་དབྱིན་ལ་ཐུག་འཕྲད་བྱེད་སྐབས་ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱི་སུའུ་ཏན་གྱིས་རྒྱལ་ཁབ་རང་གི་བདག་དབང་སྒེར་ཚུགས་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་ངེས་ཡིན་ལ། སུའུ་ཏན་གྱིས་རྒྱལ་ཁབ་ནང་ཁུལ་གྱི་ཞི་བདེ་བརྟན་འཇགས་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། སུའུ་ཏན་གྱིས་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། སུའུ་ཏན་ཧུར་ཐག་གིས་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་འཛུགས་སྐྲུན་ཁྲོད་ཞུགས་པར་བསྟོད་བསྔགས་བྱེད་བཞིན་ཡོད་ལ། སུའུ་ཏན་དང་མཉམ་དུ་སུའུ་ཏན་ནང་དུ་འདུ་བའི་ཧྥེ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་བསྐྱོད་བྱ་རྒྱུ་འཐད་པ་ཡིན་ཞིང་། ད་ལོའི་ཀྲུང་གོ་དང་ཧྥེ་གླིང་མཉམ་ལས་གླེང་སྟེགས་ཀྱི་རྩེ་ཚོགས་ཡག་པོར་བསྒྲུབ་རྒྱུ་ཡིན་ཟེར།

ཧུག་སའེ་དབྱིན་གྱིས་བཤད་རྒྱུར། སུའུ་ཏན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ་ཡིན། སུའུ་ཏན་གྱིས་ཀྲུང་གོ་དང་ཨ་རབ། ཀྲུང་གོ་དང་ཧྥེ་གླིང་བར་གྱི་མཉམ་ལས་གླེང་སྟེགས་ལ་ཚད་མཐོའི་གདེང་འཇོག་བྱེད་པར་མ་ཟད། གལ་ཆེ་བའི་གླེང་སྟེགས་སྒྲོམ་གཞི་ཆེན་པོ་གཉིས་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུར་འཐད་པ་ཡིན་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།