
ད་ལོའི་ཟླ5ཚེས29ཉིན་ནི་རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོབ་པའི་ཉིན་མོ་ཐེངས22པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ལཱ་ཁི་ལུའུ་ཝ་ཡིས་ཉེ་སྔོན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བརྙན་རིས་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཁྲོད་ནུས་པ་གལ་ཆེན་ཐོན་པ་དང་བྱས་རྗེས་གལ་ཆེན་བཞག་པར་བསྟོད་བསྔགས་ཆེན་པོ་བྱེད་པའི་ཚུལ་བསྟན།
ལཱ་ཁི་ལུའུ་ཝ་ཡིས་བཤད་རྒྱུར། ཀྲུང་གོའི་བྱས་རྗེས་དང་རྒྱབ་སྐྱོར་དེ་ང་ཚོར་མཚོན་ནས་བཤད་ན་གལ་འགངས་ཆེ་བ་ཞིག་ཡིན། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱི་མ་དངུལ་གཏོང་མཁན་གྱི་རྒྱལ་ཁབ་ཆེན་པོ་གཉིས་པ་ཡིན་པར་མ་ཟད། ཞི་བདེ་སྲུང་སྐྱོབ་མི་སྣ་འབོར་ཆེན་མངག་གཏོང་བྱས་ནས། འཛམ་གླིང་ཞི་བདེའི་བརྟན་འཇགས་ཐད་བྱས་རྗེས་མངོན་གསལ་བཞག་ཡོད།
ཁོས་བཤད་རྒྱུར། མུ་མཐུད་འབྱུང་བཞིན་པ་དང་ཉིན་རེར་ཚབས་ཆེན་དུ་འགྲོ་བཞིན་པའི་འགལ་ཟླ་ལས་འཛམ་གླིང་ཞི་བདེ་དང་བརྟན་འཇགས་དེ་ཛ་དྲག་གི་འགྲན་སློང་དང་འཕྲད་པར་བྱས་ཤིང་། རྒྱབ་ལྗོངས་འདི་འདྲའི་འོག ཀྲུང་གོས་ཞི་བདེ་སྲུང་སྐྱོབ་ལས་དོན་ཐད་བྱས་རྗེས་གལ་ཆེན་བཞག་པར་ཧ་ཅང་རིན་ཐང་ལྡན་པར་མངོན་ཟེར།
ལཱ་ཁི་ལུའུ་ཝ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར་ཆའི་འོག་ཞབས་འདེགས་ཞུ་བའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་མི་སྣས་ཁྱད་འཕགས་ཀྱི་བྱས་རྗེས་བསྐྲུན་པར་བཀའ་དྲིན་ཆེ་ཞུས་ལ། ཁོ་ཚོས་ཕུལ་དུ་བྱུང་བའི་སྒོ་ནས་བྱ་བ་བསྒྲུབ་པ་ནན་བཤད་བྱས་ཟེར། ཁོས་བཤད་རྒྱུར། ཞི་བདེ་སྲུང་སྐྱོབ་མི་སྣ་ད་ལྟ་འཕྲད་པའི་འགྲན་སློང་དེ་ཉིན་རེར་ཚབས་ཆེར་འགྲོ་བཞིན་ཡོད་ལ། ལྷག་པར་འཇིགས་སྐུལ་གསར་བ་གང་མང་ཐོན་བཞིན་ཡོད། ཀྲུང་གོས་ད་ལྟ་འཇིགས་སྐུལ་གསར་བ་འདི་དག་ལ་ཁ་གཏད་འཇལ་བའི་ཐག་གཅོད་ཇུས་གཞི་འདོན་སྤྲོད་བྱེད་ཀྱིན་ཡོད་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོབ་ཀྱི་ནུས་པའི་འཛུགས་སྐྲུན་མཐོར་འདེགས་གཏོང་བའི་ཕྱོགས་ནས་བཟང་ཕྱོགས་ཀྱི་ནུས་པ་འདོན་སྤེལ་བྱེད་ཀྱིན་ཡོད་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།