མཱ་ཁི་ལུང་གིས་ཧྥ་རན་སིས་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་པར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།
2024.05.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས28ཉིན་འཇར་མན་ལ་འཚམས་འདྲི་བྱེད་སྐབས་བཤད་རྒྱུར། ཧྥ་རན་སིས་གནས་བབ་ཀྱི་དགོས་མཁོའི་འོག་ཕ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་པར་གྲ་སྒྲིག་བྱས་ཡོད་ཟེར། ཉིན་དེར། ནོར་ཝེ་དང་སི་ཕེན། ཨིར་ལན་བཅས་རྒྱལ་ཁབ་གསུམ་གྱི་སྲིད་གཞུང་གིས་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱས་པ་རེད།

མཱ་ཁི་ལུང་གིས་ཉིན་དེར་པོ་ལིན་དུ་འཇར་མན་གྱི་ཙུང་ལི་ཧྲོ་ཨར་ཚི་དང་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ངས་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་པར་གྲ་སྒྲིག་འདང་ངེས་བྱས་ཡོད་ཀྱང་། ངས་བལྟས་ན་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་དགོས་ན་ཐག་གཅོད་དེ་ངེས་པར་དུ་དགོས་མཁོའི་དུས་དང་འཁེལ་དགོས་པར་འདོད་པས། རང་ཁོ་ནའི་བསམ་ཚུལ་གྱིས་ཐག་གཅོད་ལ་གཡོ་འགུལ་གཏོང་མི་སྲིད་ཟེར།

ཁོས་བཤད་རྒྱུར། ད་ལྟ་གལ་ཆེ་བ་ནི་ཅཱ་ཧྲ་ས་ཁུལ་དུ་དམག་འཁྲུག་མཚམས་འཇོག་པ་མངོན་འགྱུར་བྱེད་རྒྱུ་དང་། དབྱི་སི་རལ་གྱིས་ཅཱ་ཧྲའི་ལྷོ་རྒྱུད་གྲོང་ཁྱེར་ལཱ་ཧྥ་རུ་དམག་དོན་འགུལ་སྐྱོད་སྤེལ་བཞིན་པ་ངེས་པར་དུ་མཚམས་འཇོག་རྒྱུ་དེ་ཡིན་ཟེར།

ཧི་ལན་ཧའེ་ཡཱ་རུ་བཙུགས་པའི་མཉམ་འབྲེལ་རྒྱལ་ཚོགས་རྒྱལ་སྤྱིའི་ཁྲིམས་ཁང་གིས་ཚེས24ཉིན་གནས་སྐབས་ཀྱི་བྱེད་ཐབས་ཁྱབ་བསྒྲགས་བྱས་ནས། དབྱི་སི་རལ་གྱིས་ལཱ་ཧྥ་རུ་དམག་དོན་འགུལ་སྐྱོད་སྤེལ་བ་མྱུར་དུ་མཚམས་འཇོག་དགོས་པའི་བླང་བྱ་བཏོན།

དབྱི་སི་རལ་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོ་རྒོལ་ཁ་ཡ་མི་བྱེད་པར། དམག་དོན་འགུལ་སྐྱོད་ལ་སྐུལ་འདེད་བཏང་བ་རེད། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས26ཉིན་ལཱ་ཧྥ་ས་ཁུལ་གྱི་ཡུལ་གྱར་སྒར་ས་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་བཞི་བཅུ་རྐྱེན་ལམ་དུ་བཏང་བ་དང་། རྒྱལ་ཁབ་མང་པོས་དེར་རྒོལ་གཏམ་བཏང་།

ཚེས28ཉིན། ནོར་ཝེ་དང་སི་ཕེན། ཨིར་ལན་བཅས་རྒྱལ་ཁབ་གསུམ་གྱིས་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱེད་པའི་ཐག་གཅོད་དངོས་སུ་ནུས་ལྡན་དུ་གྱུར། རྒྱལ་ཁབ་འདི་གསུམ་གྱི་ཐག་གཅོད་དེར་ནུབ་ཕྱོགས་རྒྱལ་ཁབ་དུ་གྲག་འགུལ་ཆེན་པོ་བསླངས། ལོ་མང་པོའི་རིང་། ཕཱ་ལེ་སི་ཐན་གྱིས་རྒྱལ་ཁབ་འཛུགས་པར་འགོག་རྐྱེན་གང་མང་ལ་འཕྲད་ཀྱང་། ཕཱ་ལེ་སི་ཐན་དེ་རྒྱལ་ཁབ་ཅིག་ཡིན་པ་ཁྱབ་ཆེ་བས་ཁས་ལེན་ཐོབ་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།