2024ལོའི་ཨོ་ལའེ་ཡཱ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ཕུལ་བྱུང་བུད་མེད་ཚན་རིག་པར་བྱ་དགའ་སྟེར་བའི་མཛད་སྒོ་དེ་ཚེས28ཉིན་ཧྥ་རན་སིའི་ཕཱ་རེ་སི་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སྤྱི་ཁྱབ་པུའུ་རུ་བསྡུས་པ་དང་། ཀྲུང་གོའི་ཚན་རིག་པ་ཡན་ཉིང་སོགས་ཚན་རིག་མཁས་པ་ལྔ་ལ་ལོ་འདིའི་བྱ་དགའ་ཐོབ་པ་དང་། ཁོ་མོ་ཚོས་ཚེ་སྲོག་དང་ཁོར་ཡུག་གི་ཚན་རིག་ཁྱབ་ཁོངས་སུ་སྔར་མེད་ཀྱི་བྱས་རྗེས་བཞག་པར་བསྟོད་བསྔགས་བྱས།
མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པ་ཨ་ཙུའུ་ལའེ་ཡིས་རྟེན་འབྲེལ་ཞུ་ཡིག་ཁྲོད་བཤད་རྒྱུར། ཚན་རིག་ཁྱབ་ཁོངས་སུ་ཕོ་མོ་འདྲ་མཉམ་མིན་པའི་སྣང་ཚུལ་སྔར་བཞིན་གནས་ཡོད། ད་ལྟའི་བར་དུ། ཚན་རིག་ཞིབ་འཇུག་མི་སྣ་གསུམ་གྱི་ཁྲོད་བུད་མེད་གཅིག་མ་གཏོགས་མེད་ལ། མིས་བཟོས་རིག་ནུས་ཁྱབ་ཁོངས་སུ། སྡུར་ཚད་འདི་བཅུ་ཆའི་གཅིག་གི་མན་ལ་ལྷུང་ཡོད་པས། གསར་དར་ཚན་རྩལ་ཁྱབ་ཁོངས་སུ་ཕོ་མོའི་བལྟ་སྟངས་འབོར་ཆེན་གནས་ཡོད། འཛམ་གླིང་ལ་ཚན་རིག་པ་མཁོ་བར་མ་ཟད། བུད་མེད་ཚན་རིག་པའང་མཁོ་བས། ང་ཚོས་ཁོ་མོ་ཚོར་རྒྱུན་འཁྱོངས་ལྷོད་མེད་དང་ནུས་ཤུགས་ཅི་ཡོད་ཀྱིས་རྒྱབ་སྐྱོར་བྱེད་དགོས་ཟེར།
ཧྥ་རན་སིའི་ཨོ་ལའེ་ཡཱ་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ཨན་ཀུང་གིས་བཤད་རྒྱུར། བུད་མེད་ཚན་རིག་པར་ཐོབ་འོས་པའི་ཚན་རིག་ཞིབ་འཇུག་གི་གོ་གནས་བསྩལ་ནས། ཁོ་མོ་ཚོ་འཕྲད་པའི་འགོག་རྐྱེན་སྣ་ཚོགས་མེད་པར་གཏོང་བ་དང་། མ་འོངས་པར་བུད་མེད་ཀྱིས་ཚན་རིག་ལས་དོན་འཚོལ་སྙེག་བྱས་ནས་སྤྱི་ཚོགས་སྟེང་གི་མི་མང་ཆེ་བར་བདེ་སྐྱིད་བསྐྲུན་པར་སྐུལ་མ་གཏོང་དགོས་ཤིང་། འདྲ་མཉམ་ཀྱི་གནད་དོན་ལ་དོ་སྣང་བྱེད་པ་ལས་གཞན། མི་ཚང་མར་སྤུས་ཚད་མཐོ་བའི་ཚན་རིག་གསར་གཏོད་ཀྱི་གོ་སྐབས་སྟེར་དགོས་པ་དེའང་ཧ་ཅང་གལ་ཆེ་བ་ཞིག་ཡིན་ཟེར།
ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི། ཆིན་ཧྭ་སློབ་ཆེན་ཚེ་སྲོག་ཚན་རིག་སློབ་གླིང་གི་འཆད་ཁྲིད་དགེ་རྒན། ཧྲིན་ཀྲིན་གསོ་རིག་ཚན་རིག་གླིང་གི་ཡོན་ཀྲང་ཐོག་མ་ཡན་ཉིང་གིས་བྱ་དགའི་ཞུ་ཚིག་འབུར་སྐབས་བཤད་རྒྱུར། བུད་མེད་ཚན་རིག་པ་ཞིག་བྱེད་པའི་བགྲོད་ལམ་སྟེང་འགྲན་རྩོད་གང་མང་ལ་འཕྲད་སྲིད་ཀྱང་། དེས་ཁོ་མོའི་མདུན་སྐྱོད་ཀྱི་གོམ་པར་བཀག་འགོག་ཐེབས་མི་སྲིད་པས། སྤོབས་པ་ཆེན་པོས་རང་ཉིད་ཀྱིས་བསྒྲུབ་འདོད་པ་དེར་འབད་དགོས་ཟེར།
ཚེས་ཉེར་བདུན་ཉིན་ཡན་ཉིང་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ལོ་ན་ཆུང་དུས་བྱ་དགའ་ཐོབ་པ་ནི་ང་རྒྱལ་ཞིག་ཏུ་རློམ་ཆོག་ལ། ད་ལྟ་བྱ་དགའ་ཐོབ་པ་དེས་འགན་འཁྲི་ཞིག་མཚོན་བཞིན་ཡོད། དེ་ནི་ཐོག་མར་ཚན་རིག་པའི་ཐོབ་ཐང་གིས་སྤྱི་ཡོངས་ལ་ཚན་རིག་ཁྱབ་གདལ་དང་ཤེས་བྱ་བརྒྱུད་སྒྲོག་བྱེད་དགོས་པ་དང་། དེ་ལས་གཞན་ཞིག་ནི་མིག་དཔེ་མཚོན་པའི་སྟོབས་ཤུགས་མངོན་པ་དང་ལྷག་པར་ན་གཞོན་ཚན་རིག་པར་མིག་དཔེ་སྟོན་དགོས། གསུམ་ནི་རྒྱལ་སྤྱིའི་སྟེང་བརྗེ་རེས་དང་བརྒྱུད་སྒྲོག་གི་ཕོ་ཉ་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་རྒྱུ་དེ་ཡིན་ལ། ཁོ་མོས་བལྟས་ན། རྒྱལ་སྤྱིའི་རིག་གཞུང་བརྗེ་རེས་ཀྱི་བྱ་འགུལ་ནི་ད་ལྟའི་ཀྲུང་གོ་མཚམས་སྦྱོར་བྱེད་པའི་གོ་སྐབས་ཤིག་དང་། དམངས་ཁྲོད་བརྗེ་རེས་ཀྱི་གྲུབ་ཆ་ཞིག་ཡིན་པས། གོ་ལོག་ཐེབས་པ་དང་ཕྱོགས་རིས་ཀྱི་ལྟ་ཚུལ་མེད་པར་གཏོང་བར་ཕན་ཐོགས་ཡོད་པར་འདོད།
ད་ལོའི་བྱ་དགའ་ཐོབ་མཁན་གཞན་པ་བཞི་ནི་ཁཱ་མེ་ལུང་ཡ་ཝུན་ཏི་གསོ་རིག་སློབ་ཆེན་དང་པོ་དང་སྐྱེ་དངོས་གསོ་རིག་སློབ་གླིང་གི་འགོ་ནད་དང་རིམས་འགོད་རིག་པ་སྡེ་ཁག་གི་ཀྲུའུ་རིན་ཟུར་པ་ལོ་ཟི·ལའེ་ཁི་དང་། པ་ཞི་ཧྲིན་པོ་ལོ་སློབ་ཆེན་གྱི་སྐྱེ་དངོས་རྫས་འགྱུར་རིག་པའི་དགེ་རྒན་ཆེན་མོ་ཨ་ལིས་ཞི་ཡ·ཁི་ཝ་ཨར་ཐའོ་ཞི། ཁ་ན་ཏ་མའེ་ཅི་ཨར་སློབ་ཆེན་གྱི་བྱིས་ནད་ཚན་ཁག་དང་མིའི་རིགས་རྒྱུད་འདེད་རིག་པའི་སྡེ་ཁག་གི་དགེ་རྒན་ཆེན་མོ་ནཱ་ཏ·ཅ་པ་ཏོ། ཧྥ་རན་སི་རྒྱལ་ཁབ་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་ཀྲུའུ་རིན་རི་ནེ་ཝེ་ཡེ་ཧྥུའུ·ཨ་ལི་མུའུ་ཚི་བཅས་རེད།
རིག་འཛིན་སྒྲོལ་མས་བསྒྱུར།