མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ལ་རྒྱ་ཆེའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་གཅིག་གྱུར་རྒྱབ་སྐྱོར་ཐོབ་དགོས་པའི་ཚུལ་བསྟན།
2024.05.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ལཱ་ཁི་ལུའུ་ཝ་ཡིས་ཉེ་སྔོན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱི་དམིགས་ཡུལ་ནི་འཁྲུག་རྩོད་ཕྱོགས་ཀྱིས་ཉམས་ཉེན་ཐག་གཅོད་བྱེད་པའི་ཆབ་སྲིད་བྱ་བར་རྒྱབ་སྐྱོར་བྱེད་ཆེད་ཡིན་ལ། དེར་རྒྱ་ཆེའི་ཁོངས་གཏོགས་རྒྱལ་ཁབ་དག་གི་སྔར་ལས་སྟོབས་དང་ལྡན་ཞིང་གཅིག་གྱུར་གྱི་རྒྱབ་སྐྱོར་ཐོབ་དགོས་ཟེར།

ཟླ5བའི་ཚེས29ཉིན་ནི་རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོབ་མི་སྣའི་ཉིན་མོ་ཡིན་ཞིང་། ད་ལོའི་བརྗོད་སྙིང་ནི་མ་འོངས་པར་འཚམ་པ་དང་མཛེས་སྡུག་མཉམ་སྐྲུན་བྱེད་ཅེས་པ་དེ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱ་འགུལ་སྤེལ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞི་བདེ་སྲུང་སྐྱོབ་ལས་འགན་སྤེལ་བའི་ཚུན་ལ་ཞི་བདེ་སྲུང་སྐྱོབ་མི་སྣས་བཞག་པའི་བྱས་རྗེས་གལ་ཆེན་ལ་རྗེས་དྲན་བྱེད་རྒྱུ་རེད།

ལཱ་ཁི་ལུའུ་ཝ་ཡིས་བསྟན་དོན། ཞི་བདེ་སྲུང་སྐྱོབ་མི་སྣ་དག་མིག་སྔར་གཞི་གྲངས་ཁྱབ་ཁོངས་ཀྱི་འཇིགས་ཉེན་སྣ་ཚོགས་ལ་འཕྲད་ཡོད་ལ། དེའི་ནང་གསར་འགྱུར་རྫུན་མ་དང་ནོར་འཆུག་གི་ཆ་འཕྲིན། དེ་མིན་དྲག་ཆས་ཚོགས་ཁག་གི་སྲོལ་རྒྱུན་འཇིགས་ཉེན་སོགས་འདུས། ཞི་བདེ་སྲུང་སྐྱོབ་མི་སྣའི་མདུན་དུ་ལྷགས་པའི་ཁོར་ཡུག་དེ་སྔར་ལས་ཉེན་ཁ་ཆེ་བས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱུན་ཆད་མེད་པར་རྒྱབ་སྐྱོར་བྱས་ཏེ། འགྱུར་ལྡོག་འབྱུང་བཞིན་པའི་འཇིགས་ཉེན་དེ་དག་ལ་འཚམ་པར་བྱེད་དགོས་ཟེར།

ཁོས་ནན་གྱིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱི་མདུན་དུ་ལྷགས་པའི་འགྱུར་ལྡོག་ཆེ་བའི་འགྲན་རྩོད་ཐག་གཅོད་བྱེད་ཆེད། གསང་འཕྲིན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དེ་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱི་ཕན་འབྲས་མཐོར་འདེགས་གཏོང་བར་གལ་འགངས་ཧ་ཅང་ཆེ་ལ། ཁྱད་པར་དུ་མིག་སྔའི་འཁྲུག་རྩོད་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བ་དང་ཞི་བདེ་སྲུང་སྐྱོབ་ཀྱི་ཁོར་ཡུག་ཉིན་རེ་བཞིན་རྙོག་འཛིང་དུ་འགྱུར་བའི་གནས་བབ་འོག་ལྷག་ཏུ་དེ་འདྲ་ཡིན་ཟེར།

ལཱ་ཁི་ལུའུ་ཝ་ཡིས་འཁྲུག་རྩོད་ཀྱི་འབྱུང་རྐྱེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། དེའི་ནང་ནམ་ཟླའི་འགྱུར་ལྡོག་དང་ཁྲིམས་འགལ་གྱི་རྒྱལ་ཁོངས་བརྒལ་བའི་བྱ་འགུལ་གྱི་ཤུགས་རྐྱེན་སོགས་འདུས་ཡོད་ཟེར། དེ་ལས་གཞན་ཁོས་སྔར་ལས་མང་བའི་མི་དང་ཚོགས་པ། ལས་ཁུངས་བཅས་ཞི་བདེ་སྲུང་སྐྱོབ་ནང་ཞུགས་སུ་འཇུག་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།

ལཱ་ཁི་ལུའུ་ཝ་ཡིས་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱི་གསར་གཏོད་གླེང་སྐབས་བཤད་རྒྱུར། ང་ཚོས་མ་འོངས་པའི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱི་རྣམ་པ་གསར་བར་བསམ་བློ་གཏོང་དགོས་པ་དང་། དེ་ད་ཡོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲོལ་རྒྱུན་སྒྲོམ་གཞི་དང་མ་འོངས་པར་ལག་བསྟར་བྱས་ཆོག་པའི་རྣམ་པ་གསར་བར་འབྲེལ་བ་ཡོད་ཟེར།

ལཱ་ཁི་ལུའུ་ཝ་ཡིས་ད་རུང་ཞི་བདེ་སྲུང་སྐྱོབ་དམག་དཔུང་དང་ས་གནས་སྡེ་ཁུལ་བར་ཡིད་ཆེས་འཛུགས་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། དེ་ནི་ཕན་ནུས་ལྡན་པའི་སྒོ་ནས་ཞི་བདེ་སྲུང་སྐྱོབ་ལས་དོན་ལ་སྐུལ་འདེད་གཏོང་བའི་རྨང་གཞི་ཡིན་པར་འདོད།


བསོད་ནམས་ཚེ་རིང་གིས་བསྒྱུར།