ཧྥ་རན་སི་དང་ཕཱ་ལེ་སི་ཐན་གྱི་མགོ་ཁྲིད་པས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ཐད་ནས་ཁ་པར་གྲོས་མོལ་བྱས།
2024.05.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས29ཉིན་ཕཱ་ལེ་སི་ཐན་གྱི་མི་རིགས་དབང་ཤུགས་ལས་ཁུངས་ཀྱི་ཀྲུའུ་ཞི་ཨ་པཱ་སི་དང་མཉམ་དུ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ཐད་ནས་ཁ་པར་གྲོས་མོལ་བྱས། མཱ་ཁི་ལུང་གིས་དབྱི་སི་རལ་གྱིས་མྱུར་མོར་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་བར་མ་ཟད། ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ཀྱིས་བཅོས་བསྒྱུར་བྱས་ཏེ། ཧྥ་རན་སི་ཡིས་མ་འོངས་པར་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱེད་པར་ཕན་དུ་འཇུག་དགོས་པའི་འབོད་སྐུལ་བཏང་།

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ་བཤད་རྒྱུར། མཱ་ཁི་ལུང་དང་ཨ་པཱ་སི་ཡིས་དབྱི་སི་རལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་རྒྱལ་སྤྱིའི་ཁྲིམས་ཁང་གི་རེ་བ་ལྟར་མྱུར་མོར་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་། མཱ་ཁི་ལུང་གིས་བསྟན་དོན། ཧྥ་རན་སི་ཡིས་ཤུགས་ཆེན་པོས་ཅཱ་ཧྲ་ས་ཁུལ་དུ་དུས་གཏན་དུ་འཁྲུག་རྩོད་མཚམས་འཇོག་པ་མྱུར་དུ་མངོན་འགྱུར་བྱས་ནས། གཞི་རྒྱ་ཆེ་བའི་རྒུད་སྐྱོབ་དངོས་རྫས་དག་བདེ་འཇགས་ངང་སྐྱེལ་འདྲེན་བྱས་ནས་བགོ་བཤའ་བྱེད་པ་དང་། མི་སེར་དཀྱུས་མའི་བདེ་འཇགས་བཅས་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

མཱ་ཁི་ལུང་གིས་ཨ་པཱ་སི་ལ་ཁོས་ཚེས24ཉིན་ཕཱ་རེ་སི་ནས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་དང་དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་འབྲེལ་གཏུག་ཚན་ཆུང་ལ་ཐུག་འཕྲད་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས། ཁོས་བསྟན་དོན། ཧྥ་རན་སི་ཡིས་ཡོ་རོབ་གླིང་དང་ཨ་རབ་རྒྱལ་ཁབ་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་ཞི་བདེ་འཛུགས་པའི་ཐུན་མོང་གི་རེ་འདུན་མངོན་འགྱུར་བྱེད་པར་འབད་འབུངས་བྱེད་པ་དང་། ཕཱ་ལེ་སི་ཐན་གྱི་མི་དང་དབྱི་སི་རལ་གྱི་མིར་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱས་ཏེ། མ་འོངས་པར་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱེད་པར་སྒུལ་ཤུགས་འདོན་སྤྲོད་བྱེད་དགོས་ཟེར། དོན་དེའི་ཐད་ནས་ཁོས་ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ལ་དགོས་ངེས་ཀྱི་བཅོས་བསྒྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

མཱ་ཁི་ལུང་དང་ཨ་པཱ་སི་ཡིས་ད་རུང་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གནས་བབ་ལ་གྲོས་བསྡུར་བྱས། མཱ་ཁི་ལུང་གིས་ས་ཁུལ་དེའི་ཕཱ་ལེ་སི་ཐན་གྱི་མི་སེར་དཀྱུས་མར་དམིགས་པའི་དྲག་ཤུགས་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། དབྱི་སི་རལ་གྱི་དབང་འཛིན་ལས་ཁུངས་ཀྱིས་བྱ་སྤྱོད་དེ་དག་ལ་ཚོད་འཛིན་བྱེད་དགོས་པ་བསྐྱར་སྒྲོག་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།