དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་སུམ་ཅུ་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་ཡིས་ཉིན་དེར་རྒྱལ་ས་ཏི་ཧེ་ལན་ནས་འཚམས་འདྲིར་ཡོང་བའི་སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཕན་ཚུན་བར་གྱི་མཉམ་ལས་རྒྱ་བསྐྱེད་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།
ཧཱ་མཱེ་ནེ་དབྱེ་ཡིས་བསྟན་དོན། དབྱི་ལིང་དང་སི་རི་ཡཱའི་འབྲེལ་བར་ཤུགས་སྣོན་པར་གལ་འགངས་ཆེ་བ་དང་། རྒྱལ་ཁབ་གཉིས་ནི་འགོག་རྒོལ་འཐབ་ཕྱོགས་ཀྱི་རྐང་འཛིན་ཡིན། ནུབ་ཕྱོགས་རྒྱལ་ཁབ་དང་ས་ཁུལ་དེའི་རྗེས་འདེད་མཁན་གྱིས་སི་རི་ཡཱའི་ཆབ་སྲིད་ལམ་ལུགས་རྩ་རྫོགས་བྱེད་པའི་གཡོ་ཇུས་ཕམ་ཉེས་བྱུང་ཡོད་ལ། དབྱི་ལིང་དང་སི་རི་ཡཱ་རྒྱལ་ཁབ་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་མཉམ་ལས་ཚད་ལྡན་དུ་བཏང་སྟེ། ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་ཆབ་སྲིད་དང་དཔལ་འབྱོར་སྣོན་ཤུགས་ཁྱད་བསལ་བྱེད་དགོས་ཟེར།
པཱ་ཧྲ་ཨར་གྱིས་དབྱི་ལིང་གི་ཚེ་ལས་འདས་པའི་ཙུང་ཐུང་ལའེ་ཞི་དང་དེའི་འགྲོ་རོགས་མི་སྣ་དག་གྱེན་འཕུར་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བར་མྱ་ངན་ཞུས་པ་དང་། ཁོས་བཤད་རྒྱུར། སི་རི་ཡཱ་དང་དབྱི་ལིང་གི་འབྲེལ་བར་འཐབ་ཇུས་དོན་སྙིང་ལྡན་ཟེར།
གཞན་ཡང་དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཙུང་ཐུང་མུའུ་ཧེ་པེ་ཨར་གྱིས་ཉིན་དེར་པཱ་ཧྲ་ཨར་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱ་བསྐྱེད་པ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་གྲོས་མོལ་བྱས། མུའུ་ཧི་པེ་ཨར་གྱིས་བསྟན་དོན། དབྱི་ལིང་དང་ཁྱིམ་མཚེས་རྒྱལ་ཁབ། དབྱི་སི་ལན་རྒྱལ་ཁབ། དེ་མིན་ཕུགས་འདུན་མཐུན་པའི་རྒྱལ་ཁབ་བར་འབྲེལ་འདྲིས་རྒྱ་ཆེར་བྱས་པ་ལས་འཛམ་གླིང་གི་སྟོབས་ཤུགས་དོ་དམ་སྣང་ཚུལ་བཅོས་བསྒྱུར་བྱས་ཡོད་ལ། དགྲ་བོའི་འགོག་རྒོལ་འགུལ་སྐྱོད་དང་དེ་མིན་དབྱི་ལིང་དང་སི་རི་ཡཱའི་མཛའ་མཐུན་འབྲེལ་བར་གཏོར་བརླག་བྱེད་པའི་གཡོ་ཇུས་ཕམ་ཉེས་སུ་བཏང་ཡོད་ཟེར།
པཱ་ཧྲ་ཨར་གྱིས་ནན་གྱིས་བསྟན་དོན། དབྱི་ལིང་དང་སི་རི་ཡཱའི་འཐབ་ཇུས་རང་བཞིན་གྱི་འབྲེལ་བ་དེ་འགྱུར་མི་རུང་བའི་རྩ་དོན་རྨང་གཞིའི་སྟེང་འཛུགས་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།