མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་རང་སྲོག་བློས་བཏང་བའི་ཞི་བདེ་སྲུང་སྐྱོབ་མི་སྣར་རྗེས་དྲན་བྱེད་པའི་བྱ་འགུལ་སྤེལ།
2024.05.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཨ་མེ་རི་ཁའི་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡིས་ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེའི་སྲུང་སྐྱོབ་འགུལ་སྐྱོད་ཁྲོད་རང་སྲོག་བློས་བཏང་བའི་ཞི་བདེ་སྲུང་སྐྱོབ་མི་སྣར་རྗེས་དྲན་བྱས་པར་མ་ཟད། ཟླ་ལྔ་བའི་ཚེས་ཉེར་དགུ་ཉིན་གྱི་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོབ་མི་སྣའི་རྒྱལ་སྤྱིའི་ཉིན་མོར་རྗེས་དྲན་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཞི་བདེ་སྲུང་སྐྱོབ་མི་སྣའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ་ནས། གཅིག་སྟོང་དགུ་བརྒྱ་ཞེ་བརྒྱད་ལོའི་ཚུན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཁྲོད་རང་སྲོག་བློས་བཏང་བའི་ཞི་བདེ་སྲུང་སྐྱོབ་མི་སྣ་སྟོང་བཞི་དང་སུམ་བརྒྱ་ལྷག་ལ་མྱ་ངན་ཞུས།

ཀུའུ་ཐི་ལོས་སི་དེའི་རྗེས་སུ་བྱས་རྗེས་གཟེངས་རྟགས་སྟེར་བའི་མཛད་སྒོར་ཞུགས་ཏེ། ཉིས་སྟོང་ཉེར་གསུམ་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཁྲོད་རང་སྲོག་བློས་བཏང་བའི་ཞི་བདེ་སྲུང་སྐྱོབ་མི་སྣ་རེ་གཅིག་ལ་ཏཱ་ཀི་ཧཱ་མཱ་ཧྲི་ཨར་ཏི་གཟེངས་རྟགས་བྱིན། ཀུའུ་ཐི་ལོས་སི་ཡིས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་གྱི་ཞི་བདེ་སྲུང་སྐྱོབ་ལས་འགན་ནང་ཞུགས་པའི་རྒྱ་གར་གྱི་བུད་མེད་དམག་དཔོན་ཞིག་ལ་ཉིས་སྟོང་ཉེར་གསུམ་ལོའི་ཕོ་མོ་འདྲ་མཉམ་གྱི་གྲོས་འདོན་མཁན་གྱི་བྱ་དགའ་བྱིན།

ཀུའུ་ཐི་ལོས་སི་ཡིས་མཛད་སྒོའི་སྟེང་ཞུག་ཚིག་ཕུལ་ཏེ། འཛམ་གླིང་ཧྲིལ་བོ་དཀའ་ཁག་དང་ཉེན་ཁའི་དུས་སྐབས་སུ་གནས་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགལ་བ་ཚབས་ཆེན་བྱུང་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣའི་ནུས་པ་དེ་སྔོན་ཆད་ཀྱི་དུས་སྐབས་གང་རུང་ལས་ལྷག་ཏུ་གལ་ཆེན་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣས་ཞི་བདེའི་འགན་འཁྲིའི་ཁྲོད་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ། འཛམ་གླིང་ཡོངས་ཀྱི་ཆེས་ཉེན་ཁ་ཆེ་བའི་ས་ཁུལ་དུ་ལས་འགན་གལ་ཆེན་ལག་བསྟར་བྱས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣས་ཕྱོགས་མང་རིང་ལུགས་ཀྱི་ཚབ་བྱས་ནས་འགུལ་སྐྱོད་སྤེལ་བཞིན་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལྟར་ན། གཅིག་སྟོང་དགུ་བརྒྱ་ཞེ་བརྒྱད་ལོའི་ཚུན་ལ། རྒྱལ་ཁབ་བརྒྱ་དང་ཉེར་ལྔ་ནས་ཡོང་བའི་ཞི་བདེ་སྲུང་སྐྱོབ་མི་སྣ་ས་ཡ་གཉིས་ལྷག་སྔ་གཞུག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་རྣམ་གྲངས་དོན་གཅིག་ལྷག་ལ་ཞུགས་པ་དང་། མིག་སྔར་ཞི་བདེ་སྲུང་སྐྱོབ་མི་སྣ་ཁྲི་བདུན་དང་སྟོང་དྲུག་ཙམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱི་རྣམ་གྲངས་བཅུ་གཅིག་ལ་ཞུགས་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།