ཚེས30ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་བྱེད་པའི་ཀྲུང་གོའི་འཐུས་མི་གཞོན་པ་ཀིན་ཧྲོང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སུའུ་ཏན་ལྷོ་མའི་བཀག་སྡོམ་གནད་དོན་གྱི་གྲོས་ཆོད་འཆར་ཟིན་ལ་བརྡས་ཐག་བཅད་རྗེས་ཀྱི་འགྲེལ་བཤད་རང་བཞིན་གྱི་གཏམ་བཤད་ཁྲོད་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གཟབ་ནན་དང་འགན་འཁུར་བའི་རྣམ་འགྱུར་གྱིས་བཀག་སྡོམ་གནད་དོན་ཐག་གཅོད་བྱ་རྒྱུའི་འདོད་ཚུལ་བསྟན་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱི་འབོད་སྐུལ་དྲག་པོ་དང་ལུགས་མཐུན་གྱི་དོ་ཁུར་ལ་མཐོང་ཆེན་བྱས་ནས། གནས་བབ་ཀྱི་དགོས་མཁོ་དང་མི་འཚམ་པའི་བཀག་སྡོམ་བྱ་ཐབས་དུས་ཐོག་ཏུ་ལེགས་སྒྲིག་དང་མེད་པར་བཟོ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
ཀྲུང་གོ་ཕྱོགས་ཀྱིས་ཉིན་དེར་སུའུ་ཏན་ལྷོ་མའི་བཀག་སྡོམ་གནད་དོན་གྱི་གྲོས་ཆོད་འཆར་ཟིན་ལ་བརྡས་ཐག་གཅོད་པའི་དབང་ཆ་དོར་བའི་འདེམས་ཤོག་འཕངས་ཡོད། ཀིན་ཧྲོང་གིས་མིག་སྔའི་གནས་བབ་འོག་སུའུ་ཏན་ལྷོ་མའི་སྲིད་གཞུང་ལ་དགོས་པ་ནི་རྒྱབ་སྐྱོར་དང་རོགས་སྐྱོར་ཡིན་པ་ལས་བཀག་སྡོམ་དང་གནོན་ཤུགས་སྤྲོད་རྒྱུ་དེ་མིན། འདས་ཟིན་པའི་ལོ20ལྷག་གི་རིང་ལ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བཀག་སྡོམ་ལམ་སྲོལ་རྒྱ་ཆེར་སོང་ནས། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གིས་བཀག་སྡོམ་ཇེ་ལྷོད་དུ་གཏོང་བའམ་ཡང་ན་མེད་པར་བཟོ་རྒྱུའི་འབོད་སྐུལ་དྲག་པོ་བཏང་པའི་ལུགས་མཐུན་རེ་ཞུ་སྣང་མེད་དུ་བཞག་ཡོད་ཟེར།
ཀིན་ཧྲོང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སུའུ་ཏན་ལྷོ་མར་མཚོན་ཆ་སྐྱེལ་འདྲེན་བཀག་སྡོམ་བྱས་ནས་ལོ་མང་པོ་སོང་ཞིང་། སུའུ་ཏན་ལྷོ་མའི་བདེ་འཇགས་ནུས་པ་འཛུགས་སྐྱོང་ལ་ཚོད་འཛིན་ཐེབས་ནས། སུའུ་ཏན་ལྷོ་མའི་སྲིད་གཞུང་གིས་མི་དམངས་ཀྱི་བདེ་འཇགས་སྲུང་སྐྱོབ་དང་མཐའ་མཚམས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་བཅས་བྱེད་པར་གེགས་རྐྱེན་ཚབས་ཆེན་བཟོས་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བཀག་སྡོམ་མེད་པར་བཟོ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་སུའུ་ཏན་ལྷོ་མའི་སྲིད་གཞུང་དང་མི་དམངས་ཀྱི་བསམ་འདུན་རེད། སུའུ་ཏན་ལྷོ་མའི་སྲིད་གཞུང་གིས་ལོ་མང་པོའི་རིང་དེའི་ཐད་འབད་བརྩོན་ལྷོད་མེད་བྱས་ནས་བཀག་སྡོམ་གྱི་ཚད་གཞི་དོན་འཁྱོལ་བྱེད་པའི་ཐད་ཆབ་སྲིད་ཀྱི་འདོད་བློ་མངོན་པ་དང་འཕེལ་རྒྱས་མི་ཉུང་བ་ཞིག་བྱུང་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གནས་ཚུལ་དངོས་ལ་གཞིགས་ནས་སུའུ་ཏན་ལྷོ་མའི་གོ་མཚོན་སྐྱེལ་འདྲེན་བཀག་སྡོམ་ལམ་ལུགས་རིམ་བཞིན་ཇེ་ལྷོད་དུ་གཏོང་དགོས་ཟེར།
ཀིན་ཧྲོང་གིས་ཉེ་བའི་ལོ་ཤས་རིང་གྲོས་ཆོད་འཆར་ཟིན་འབྲི་མཁན་རྒྱལ་ཁབ་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ཀྱི་རེ་འདུན་དྲག་པོ་དང་། ས་ཁུལ་རྒྱལ་ཁབ་ཀྱི་ལུགས་མཐུན་བསམ་འཆར་བཅས་ལ་ཁ་ཡ་མ་བྱས་པ་དང་། ་ཨ་ཧྥེ་རི་ཁ་མནའ་འབྲེལ་དང་། ཨ་ཧྥེ་རི་ཁ་ཤར་མའི་སྲིད་གཞུང་བར་གྱི་འཕེལ་རྒྱས་རྩ་འཛུགས(དབྱི་ཅ་ཐེ)དང་། ཨ་ཧྥེ་རི་ཁ་ཤར་མའི་ཐུན་མོང་སྒྲིག་གཞི་སོགས་ས་ཁུལ་རྩ་འཛུགས་ཀྱི་ཐུན་མོང་གི་འབོད་སྐུལ་ལ་མ་འཛེམ་པར་སུའུ་ཏན་ལྷོ་མར་མུ་མཐུད་དུ་བཀག་སྡོམ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཡོད། ཐེངས་འདིའི་གྲོས་མོལ་ནང་ས་ཁུལ་རྒྱལ་ཁབ་ཚུད་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་མང་པོ་ཞིག་གིས། སུའུ་ཏན་ལྷོ་མའི་སྲིད་གཞུང་ལ་དམིགས་པའི་གོ་མཚོན་སྐྱེལ་འདྲེན་བཀག་སྡོམ་སྔོན་ལ་མེད་པར་གཏོང་རྒྱུའི་འབོད་སྐུལ་བཏང་པ་དང་མཉམ་དུ་མུ་མཐུད་དུ་གྲོས་མོལ་གང་ལེགས་བྱེད་འདོད་ཡོད་ཅེས་བཤད་ཡོད་པ་རེད། འོན་ཀྱང་གྲོས་ཆོད་འཆར་ཟིན་འབྲི་མཁན་རྒྱལ་ཁབ་ཀྱིས་ཁོངས་མི་སོ་སོའི་བསམ་ཚུལ་མི་མཐུན་པའི་གནས་ཚུལ་འོག་ཐད་ཀར་དུ་འཆར་ཟིན་ལ་བརྡས་ཐག་གཅོད་རྒྱུ་རེད། བྱེད་སྟངས་དེའི་རིགས་ཀྱིས་ཚོགས་མིའི་རྒྱལ་ཁབ་ཀྱིས་ཐུན་མོང་གི་ངོས་འཛིན་འཚོལ་བར་འབད་བརྩོན་བྱེད་པར་གནོད་འཚེ་ཐེབས་པ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་མཐུན་སྒྲིལ་མཉམ་ལས་ལ་གནོད་འཚེ་ཐེབས་ཡོད་ལ་མཐར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབང་ཟིལ་ལའང་གནོད་འཚེ་ཐེབས་རྒྱུ་རེད།
ཀིན་ཧྲོང་གིས་འཆར་ཟིན་འབྲི་མཁན་རྒྱལ་ཁབ་ཀྱིས་འགན་འཁྲི་ནན་མོ་འཁུར་ནས་འབྲེལ་ཡོད་རྒྱལ་ཁབ་ཀྱི་དོ་ཁུར་ལ་ལྟ་རྟོག་བྱེད་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་སོ་སོའི་བསམ་འཆར་ལ་འདྲ་མཉམ་གྱིས་མཐོང་ཆེན་བྱེད་པ། ས་ཁུལ་རྩ་འཛུགས་དང་རྒྱལ་ཁབ་ཀྱི་གྲོས་གཞིར་བརྩི་འཇོག་བྱེད་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་ལངས་ཕྱོགས་དེ་ཐུན་མོང་གི་ལངས་ཕྱོགས་སུ་མི་བརྩི་བ་དང་། འཆར་ཟིན་འབྲི་མཁན་རྒྱལ་ཁབ་དེ་ཁྱད་དབང་དང་གནོད་ཤུགས་སྤྲོད་པའི་ཡོ་བྱད་དུ་མི་བརྩི་བར་བྱ་དགོས་ཞེས་ནན་བཤད་བྱས།
གཡང་འབུམ་རྒྱལ་གྱིས་བསྒྱུར།