ཨ་མེ་རི་ཁའི་ཙུང་ཐུང་པེ་ཏིན་གྱིས་ཟླ5པའི་ཚེས31ཉིན་བཤད་རྒྱུར། དབྱི་སི་རལ་སྲིད་གཞུང་གིས་གྲོས་འགོ་གསར་པ་ཞིག་བཏོན་ནས་ཅ་ཧྲ་ས་ཁུལ་དུ་ཡུན་རིང་དམག་མཚམས་འཇོག་རྒྱུ་ཡིན་པ་མ་ཟད། བཀག་ཉར་བྱས་པའི་མི་སྣ་བཙོན་གྲོལ་གཏོང་རྒྱུར་ཁག་ཐེག་བྱ་ཆེད་ལམ་ཐིག་འདོན་སྤྲོད་བྱ་རྒྱུ་ཡིན།
པེ་ཏིན་གྱིས་ཉིན་དེར་ཕོ་བྲང་དཀར་པོའི་ནང་གཏམ་བཤད་གནང་སྟེ“ཕྱོགས་ཡོངས་ཀྱི་གྲོས་འགོ་གསར་པ”དེ་ནི་ཨ་མེ་རི་ཁ་དང་དབྱི་སི་རལ། ཁ་ཐར། ཨེ་ཅིབ། དབུས་ཤར་རྒྱལ་ཁབ་གཞན་དག་བཅས་བར་གྱི་ཕྱི་འབྲེལ་གྲོས་མོལ་ཐེངས་མང་བྱས་པའི་ཐོན་དངོས་ཤིག་ཡིན་པ་དང་། ཁ་ཐར་བརྒྱུད་ཕ་ལི་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཕྱོགས་ལ་ཕུལ་ཡོད་ཅེས་བཤད།
པེ་ཏིན་གྱི་བཤད་སྟངས་ལྟར་ན། གྲོས་འགོ་དེའི་ནང་ཚུད་པའི་བྱེད་ཐབས་རིམ་པ་གསུམ་དུ་དབྱེ་ནས་ལག་བསྟར་བྱེད་དགོས། དུས་རིམ་དང་པོ་ནི་དུས་ཡུན་གཟའ་འཁོར་དྲུག་གི་ནང“དམག་འཁྲུག་རྩ་བ་ནས་མཚམས་འཇོག་རྒྱུ”ཡིན་པ་དང་། དེའི་རིང་དབྱི་སི་རལ་གྱི་དམག་དཔུང་ཅ་ཧྲ་ས་ཁུལ་གྱི་མི་མང་པོ་འདུས་སྡོད་བྱེད་པའི་ཁུལ་ཚང་མ་ནས་ཕྱིར་འཐེན་བྱེད་པ་དང་། ཧ་མ་སིས་བུད་མེད་དང་རྒན་པ། རྨས་མ་སོགས་བཀག་ཉར་བྱས་པའི་མི་སྣ་ཁག་ཅིག་བཙོན་གྲོལ་གཏོང་རྒྱུ་ཡིན་པ། དབྱི་སི་རལ་གྱིས་བཙོན་འཇུག་བྱས་པའི་ཕ་ལི་སི་ཐན་གྱི་མི་བརྒྱ་ཕྲག་ལྷག་བཙོན་གྲོལ་གཏོང་རྒྱུ་ཡིན་པ། དབྱི་སི་རལ་དང་ཧ་མ་སིས“དགྲར་འཛིན་བྱ་སྤྱོད་ཡུན་རིང་མཚམས་འཇོག་བྱེད་པའི”དགོས་ངེས་ཀྱི་བཀོད་སྒྲིག་མངོན་འགྱུར་བྱེད་པའི་ཐད་གྲོས་མོལ་བྱས། གལ་སྲིད་གྲོས་མོལ་ལ་གཟའ་འཁོར་དྲུག་ནང་གྲུབ་འབྲས་ཐོབ་མ་ཐུབ་ཚེ་དམག་མཚམས་འཇོག་པའི་དུས་བཀག་ཇེ་རིང་དུ་གཏོང་རྒྱུ་དང་། ཨ་རི་དང་ཁ་ཐར། ཨེ་ཅིབ་བཅས་ཀྱིས་ཀྱང་གྲོས་མོལ་རྒྱུན་མཐུད་ངང་སྤེལ་ཐུབ་པའི་ཁག་ཐེག་བྱ་རྒྱུ་རེད།
དུས་རིམ་གཉིས་པ་ནི་ཧ་མ་སིས་བཀག་ཉར་བྱས་པའི་མི་སྣ་ལྷག་མ་བཙོན་གྲོལ་གཏོང་རྒྱུ་རེད། བརྗེ་རེས་ཀྱི་ཆ་རྐྱེན་ཞིག་ཡིན་པའི་ངོས་ནས་དབྱི་སི་རལ་གྱི་དམག་དཔུང་ཚང་མ་ཅ་ཧྲ་ས་ཁུལ་ནས་ཕྱིར་འཐེན་བྱ་རྒྱུ་རེད། དུས་རིམ་གསུམ་པར་ཅ་ཧྲ་ས་ཁུལ་གྱི་གཞི་ཁྱོན་ཆེ་བའི་བསྐྱར་སྐྲུན་འཆར་གཞི་སོགས་སྤེལ་འགོ་རྩོམ་རྒྱུ་རེད།
པེ་ཏིན་གྱིས་བཤད་རྒྱུར། ཧ་མ་སིས་ཁས་ལེན་བརྩི་སྲུང་བྱས་ཚེ།“གནས་སྐབས་དམག་མཚམས་འཇོག་པ”དེ“དགྲར་འཛིན་བྱ་སྤྱོད་ཡུན་རིང་མཚམས་འཇོག་བྱེད་པའི”རྣམ་པར་འགྱུར་སྲིད། དུས་རིམ་དང་པོ་ནས་དུས་རིམ་གཉིས་པའི་བར་སླེབས་སྐབས་ད་དུང“ཞིབ་ཕྲའི་གྲོས་མོལ་བྱེད་དགོས་པའི”གནས་ཚུལ་མང་པོ་ཞིག་ཡོད།
དབྱི་སི་རལ་ཙུང་ལི་གཞུང་སྒྲུབ་ཁང་གིས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ལྟར་ན། དབྱི་སི་རལ་སྲིད་གཞུང་གིས་བཀག་ཉར་བྱས་པའི་མི་སྣ་མགྱོགས་མྱུར་སྒོས་བཙོན་གྲོལ་གཏོང་རྒྱུ་ཡིན་པ་དང་། དམིགས་འབེན་དེ་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་དེའི་ཐད་གྲོས་མོལ་མི་སྣར་དམིགས་འབེན་དེ་མངོན་འགྱུར་བྱེད་པའི་རྩ་གནད་འདོན་དགོས་པའི་བླང་བྱ་བཏོན། ཁོས་དབྱི་སི་རལ་ཕྱོགས་ཀྱིས་བཀག་ཉར་བྱས་པའི་མི་སྣ་ཚང་མ་བཙོན་གྲོལ་གཏོང་བ་དང་ཧ་མ་སིའི་དམག་དོན་དང་དོ་དམ་ནུས་པ་སོགས་མེད་པར་བཟོ་བའི་དམིགས་འབེན་མངོན་འགྱུར་མ་བྱུང་སྔོན་གདོང་ཐུག་མཇུག་སྒྲིལ་མི་སྲིད་པ་ནན་བཤད་བྱས། གསལ་བསྒྲགས་འདིས་དབྱི་སི་རལ་ཕྱོགས་ཀྱི་རྩ་གནད་དང་པེ་ཏིན་གྱིས་བཤད་པའི་ནང་དོན་གཅིག་མཐུན་ཡིན་མིན་གསལ་བོ་བཤད་མེད།
ཧ་མ་སིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཧ་མ་སིས་པེ་ཏིན་གྱིས་ཁྱབ་བསྒྲགས་བྱས་པའི་བཀག་ཉར་བྱས་པའི་མི་སྣ་བཙོན་གྲོལ་གཏོང་བ་དང་ཅ་ཧྲ་ས་ཁུལ་དུ་ཡུན་རིང་དམག་མཚམས་འཇོག་པའི་འབྲེལ་ཡོད་གྲོས་འགོར་ཧུར་ཐག་གིས་བསམ་གཞིགས་གཏོང་བཞིན་ཡོད་ཅེས་བཀོད་ཡོད།
ཕ་ལི་སི་ཐན་དང་དབྱི་སི་རལ་བར་རེས་སྐོར་གསར་པའི་གདོང་ཐུག་བྱུང་ནས་ཟླ་བདུན་ལྷག་འགོར་བའི་རིང་ལ། དབྱི་སི་རལ་དང་ཧ་མ་སིའི་བར་རེས་སྐོར་མང་པོ་གྲོས་མོལ་བྱས་ཡོད། ན་ནིང་ཟླ11པར་གནས་སྐབས་དམག་མཚམས་འཇོག་པའི་གྲོས་མཐུན་བྱུང་བ་མ་ཟད་བཀག་ཉར་བྱས་པའི་མི་སྣ་ཁག་ཅིག་བཙོན་གྲོལ་བྱུང་རྗེས་འཕེལ་རིམ་གསར་པ་བྱུང་མེད། ཟླ་འདིའི་ཚེས6ཉིན། ཧ་མ་སིས་འདུམ་འགྲིག་ཕྱོགས་ཀྱིས་བཏོན་པའི་ཅ་ཧྲ་ས་ཁུལ་གྱི་དམག་མཚམས་འཇོག་རྒྱུའི་གྲོས་འགོར་མོས་མཐུན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་མོད། འོན་ཀྱང་དབྱི་སི་རལ་ཕྱོགས་ཀྱིས་ཧ་མ་སིས་ཁས་ལེན་བྱས་པའི་ཆ་རྐྱེན་དེ་དང་དེའི་རེ་བ་དང་བར་ཐག་ཧ་ཅང་རིང་པོ་ཡོད་ཅེས་བཤད།
ཤ་བོ་རིན་མཚོས་བསྒྱུར།