ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་སྡོད་འཐུས་མི་ཀིན་ཧྲོང་གིས་ཚེས་སུམ་ཅུ་ཉིན་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡ་སྲིད་གཞུང་གིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བའི་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཞིར་བཟུང་སྟེ། ཚད་གཞི་ངོ་གཉིས་མ་འཛིན་པ་གཏན་འགོག་བྱེད་པ་དང་། སི་རི་ཡའི་ནང་ཁུལ་གྱི་འཇིགས་སྐུལ་རིང་ལུགས་ཡོད་ཚད་ལ་རྡུང་རྡེག་གཏོང་བར་བཟོད་སྒོམ་སྤུ་ཙམ་ཡང་མེད་པའི་རྣམ་འགྱུར་འཛིན་པའི་འབོད་སྐུལ་བཏང་བ་ཡིན་ཟེར།
ཀིན་ཧྲོང་གིས་ཉིན་དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སི་རི་ཡའི་ཆབ་སྲིད་དང་མི་ཆོས་གནད་དོན་གྱི་སྤྱི་བསྒྲགས་ཚོགས་འདུའི་སྟེང་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡའི་གནད་དོན་ཆབ་སྲིད་ཀྱི་སྒོ་ནས་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་ཅིང་། སི་རི་ཡའི་མིས་སྣེ་ཁྲིད་དང་སི་རི་ཡའི་མིར་དབང་པའི་རྩ་དོན་ལྟར་སི་རི་ཡའི་གནད་དོན་གྱི་ཆབ་སྲིད་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ཕའེ་ཁའེ་རོའུ་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད2254ལྟར་བྱ་བ་སྤེལ་བར་རྒྱབ་སྐྱོར་བརྟན་པོ་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས་སོ33པ་བསྡུས་པར་དགའ་བསུ་ཞུ་བཞིན་ཡོད་ལ། ཨ་རབ་མནའ་འབྲེལ་འབྲེལ་ཡོད་ས་ཁུལ་གྱི་རྒྱལ་ཁབ་ཀྱིས་མུ་མཐུད་དུ་སི་རི་ཡའི་སྲིད་གཞུང་བར་མཐུན་སྦྱོར་མཉམ་ལས་བྱས་ནས། ཆབ་སྲིད་ཀྱིས་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ནས་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་པའི་རེ་བ་བྱས་ཡོད་ཟེར།
ཀིན་ཧྲོང་གིས་བཤད་རྒྱུར། དབྱི་སི་རལ་གྱིས་རྒྱུན་མཐུད་སྒོས་སི་རི་ཡའི་ནང་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ། སི་རི་ཡའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སིམ་འཛུལ་བྱས་པར། ཀྲུང་གོ་ཕྱོགས་ཀྱིས་དོ་སྣང་གལ་ཆེན་བྱེད་བཞིན་ཡོད། ཕྱོགས་སོ་སོས་ངེས་པར་དུ་རང་ཚོད་ཟིན་པར་བྱས་ནས་གནས་བབ་རྙོག་འཛིང་དུ་འགྱུར་བར་གཡོལ་ཐབས་བྱེད་དགོས། ཕྱིའི་རྒྱལ་ཁབ་ཆེན་པོས་ས་ཁུལ་གྱི་གནས་བབ་ཞི་འཇགས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་དགོས་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།