ཟླ5པའི་ཚེས31ཉིན། འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས77པའི་སྟེང་བརྡས་ཐག་གཅོད་པའི་རྣམ་པར་བརྟེན་ནས། ཝུའུ་ཁི་ལན་དང་འབྲེལ་བ་ཡོད་པའི་འཕྲོད་བསྟེན་གནད་དོན་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་རེད། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་རི་ནེ་ཝ་དོན་གཅོད་ཁྲུའུ་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་འཐུས་མི་གཞོན་པ་གཞུང་ཚབ་ཆེན་མོ་ཧྲིན་ཅན་གྱིས་གཏམ་བཤད་སྤེལ་ནས། ཝུའུ་ཁི་ལན་གྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ལུགས་མཐུན་དང་དྲང་གཞག་གི་ལངས་ཕྱོགས་བཟུང་ནས། ཞི་བདེ་དང་གྲོས་མོལ་ལ་སྐུལ་འདེད་དང་ཆབ་སྲིད་ཀྱིས་ཐག་གཅོད་བྱེད་པར་ཧུར་ཐག་གིས་སྐུལ་འདེད་གཏོང་བཞིན་ཡོད། དེ་ལ་དམིགས་ཡུལ་གཅིག་ལས་མེད་པ་སྟེ། དམག་འཁྲུག་མཚམས་བཞག་སྟེ་ཞི་བའི་གྲོས་མོལ་བྱེད་པའི་ཐུན་མོང་གི་ངོས་འཛིན་གཅིག་གྱུར་དང་དེར་མཐུན་རྐྱེན་བསྐྲུན་རྒྱུ་དེ་རེད་ཟེར།
ཧྲིན་ཅན་གྱིས་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོས་བཟོད་སྒོམ་བྱས་ནས་བུད་མེད་དང་བྱིས་པ་ཚུད་པའི་མི་དམངས་ཡོངས་ཀྱི་བདེ་འཇགས་དང་སྨན་བཅོས་སོགས་གཞི་རྩའི་མི་ཆོས་ཀྱི་དགོས་མཁོ་འགན་ལེན་བྱེད་དགོས་པའི་འབོད་སྐུལ་འདོན་བཞིན་ཡོད། འཕྲོད་བསྟེན་གྱི་གནད་དོན་ནི་ཆེད་ལས་ཁྱབ་ཁོངས་ཀྱི་ལག་རྩལ་གྱི་གནད་དོན་ཡིན་པས་ཆབ་སྲིད་ཅན་དུ་འགྱུར་མི་རུང་། འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་དེ་འཛམ་གླིང་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་གྲོས་གཞི་གལ་ཆེན་མང་པོ་དང་འབྲེལ་བ་ཡོད་པས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་མུ་མཐུད་དུ་དོ་སྣང་བྱས་ནས། ཚོགས་ཆེན་གྱི་འཕེལ་རིམ་བདེ་བླག་ཡོང་བར་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།
གཡང་འབུམ་རྒྱལ་གྱིས་བསྒྱུར།