པུའུ་ཁི་ཨར་གྱིས་སར་ཝ་ཏོལ་གྱི་ཙུང་ཐུང་གི་འགན་འཁུར་རྒྱུའི་དམ་བཅའ་བཞག།
2024.06.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

སར་ཝ་ཏོལ་གྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བའི་ན་དབྱི་པུའུ·པུའུ་ཁི་ཨར་གྱིས་ཟླ6པའི་ཚེས1ཉིན་རྒྱལ་ས་སན་སར་ཝ་ཏོལ་རུ་འགན་བཞེས་པའི་དམ་བཅའ་བཞག་ནས་ཁོའི་ཙུང་ཐུང་གི་འགན་ཡུན་གཉིས་པ་མགོ་བརྩམས།

འགན་བཞེས་དམ་བཅའ་འཇོག་པའི་མཛད་སྒོ་ཉིན་དེའི་སྔ་དྲོ་སན་སར་ཝ་ཏོལ་རྒྱལ་ཁབ་ཕོ་བྲང་དུ་བསྡུས།    མཛད་སྒོའི་སྟེང་པུའུ་ཁི་ཨར་གྱིས་འགན་བཞེས་པའི་དམ་བཅའ་བཞག་པ་དང་། སར་ཝ་ཏོལ་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཨའེ་ནེ་སི་ཐུའོ·ཁ་སི་ཐི་ལུའོ་ཡིས་ཁོང་ལ་ཙུང་ཐུང་གི་ཞགས་རྒྱན་གྱོན།

པུའུ་ཁི་ཨར་གྱིས་གཏམ་བཤད་སྐབས་བཤད་རྒྱུར། སྐབས་གོང་མའི་སར་ཝ་ཏོལ་སྲིད་གཞུང་གིས་རང་ངོས་འཕེལ་རྒྱས་དང་འཚམ་པའི་བགྲོད་ལམ་བདམས་ནས་ནག་ཚོགས་ལ་རྡུང་རྡེག་གཏོང་བ་དང་།    སྤྱི་པའི་འཕྲོད་བསྟེན་དང་སློབ་གསོ་འཕེལ་རྒྱས་གཏོང་བ་སོགས་ཁྱབ་ཁོངས་སུ་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་ཡོད།     སྐབས་གསར་པའི་སྲིད་གཞུང་གིས་མུ་མཐུད་དུ་འབད་བརྩོན་བྱས་ནས་དཔལ་འབྱོར་འཕེལ་རྒྱས་དང་དབུལ་ཕོངས་སོགས་ཀྱི་གནད་དོན་གཙོ་གནད་དུ་བཟུང་ནས་ཐག་གཅོད་བྱ་རྒྱུའི་ཡིད་ཆེས་ཡོད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རིག་གནས་དང་ཡུལ་སྐོར་པུའུ་ཡི་པུའུ་ཀྲང་སུན་ཡེ་ལིས་ཆེད་དུ་མངགས་ཏེ་སར་ཝ་ཏོལ་གྱི་ཙུང་ཐུང་གསར་པའི་འགན་བཞེས་མཛད་སྒོར་ཞུགས་སུ་བཅུག

སར་ཝ་ཏོལ་གྱིས་ཟླ2པའི་ཚེས4ཉིན་འདེམས་བསྐོ་ཆེན་མོ་བྱས་ནས་སྐབས་གསར་པའི་ཙུང་ཐུང་དང་ཙུང་ཐུང་གཞོན་པ། དེ་མིན་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་མི60འདེམས་བསྐོ་བྱས།     སར་ཝ་ཏོལ་གྱི་ཆེས་མཐོའི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་མཐའ་མའི་གཞི་གྲངས་ལྟར་ན།    ཙུང་ཐུང་འདེམས་བསྐོའི་ཁྲོད་པུའུ་ཁི་ཨར་ལ་འདེམས་ཤོག84.65%ཐོབ་ཡོད།     སྲིད་འཛིན་ཏང་བསམ་བློ་གསར་པའི་ཏང་གི་འཐུས་མིའི་འདེམ་བསྐོའི་མནའ་འབྲེལ་ལ་རྒྱལ་དམངས་གྲོས་ཁང་གི་གོ་གནས60ཁྲོད་ཀྱི་གོ་གནས54ཟིན་ཡོད།

པུའུ་ཁི་ཨར་ནི1981ལོར་སྐྱེས་པ་དང་།   2019ལོར་སར་ཝ་ཏོལ་གྱི་ཙུང་ཐུང་གི་འགན་བཞེས།     འབྲེལ་ཡོད་གཏན་འབེབས་ལྟར་ན།    པུའུ་ཁི་ཨར་ལ་སར་ཝ་ཏོལ་རྒྱལ་དམངས་གྲོས་ཁང་གི་ཆོག་མཆན་ཐོབ་ནས་ན་ནིང་ཟླ12པ་ནས་བཟུང་གནས་སྐབས་ཙུང་ཐུང་ལས་གནས་དང་ཁ་བྲལ་ཏེ་སྐབས་གསར་པའི་ཙུང་ཐུང་འདེམས་བསྐོའི་ནང་ཞུགས།

སར་ཝ་ཏོལ་གྱི་ཙུང་ཐུང་ནི་རྒྱལ་ཁབ་ཀྱི་གཙོ་འཛིན་དང་སྲིད་གཞུང་གི་འགོ་གཙོ་ཡིན་པས།     ཐད་ཀར་འདེམས་བསྐོ་བྱས་ནས་བདམས་ཐོན་བྱུང་བ་དང་འགན་འཁུར་ཡུན་ལོ5རེད།

ཤ་བོ་རིན་མཚོས་བསྒྱུར།