ཨེ་ཅིབ་དང་ཁ་ཐར། ཨ་མེ་རི་ཁ་བཅས་ཀྱིས་དབྱི་སི་རལ་དང་ཧ་མ་སིས་དམག་འཁྲུག་རྒྱག་མཚམས་འཇོག་པའི་སྐོར་ནས་གྲོས་མཐུན་འགོད་དགོས་པའི་འབོད་སྐུལ་བཏང་།
2024.06.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ6པའི་ཚེས1ཉིན། ཨེ་ཅིབ་དང་ཁ་ཐར། ཨ་མེ་རི་ཁ་བཅས་ཀྱིས་མཉམ་འབྲེལ་གསལ་སྒྲོག་སྤེལ་ནས། ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་དང་དབྱི་སི་རལ་གྱིས། ཉིན་འགའི་སྔོན་ལ། ཨ་མེ་རི་ཁ་ཕྱོགས་ཀྱིས་ཁྱབ་སྒྲོག་བྱས་པའི་གྲོས་འགོ་གསར་པ་གཞིར་བཟུང་ནས། ཅཱ་ཧྲ་ས་ཁུལ་གྱི་དམག་འཁྲུག་རྒྱག་མཚམས་འཇོག་དགོས་པའི་སྐོར་ནས་གྲོས་མཐུན་འགོད་རྒྱུར་མཉམ་དུ་འབོད་སྐུལ་བཏང་།

མཉམ་འབྲེལ་གསལ་སྒྲོག་ནང་དུ། ཨེ་ཅིབ་དང་ཁ་ཐར། ཨ་མེ་རི་ཁ་བཅས་ཀྱིས་མཉམ་དུ་ཧ་མ་སི་དང་དབྱི་སི་རལ་གྱིས། ཨ་མེ་རི་ཁ་ཕྱོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲོས་འགོ་གསར་པའི་རྩ་དོན་མཚོན་ཐུབ་པའི་གྲོས་མཐུན་འགོད་རྒྱུར་རེ་འབོད་བྱས་ཡོད་ཅིང་། རྩ་དོན་དེ་དག་གིས་ཕྱོགས་སོ་སོའི་རེ་ཞུ་ཟུང་འབྲེལ་བྱས་ནས། “ཡུན་རིང་དམག་འཁྲུག་རྒྱག་མཚམས་འཇོག་རྒྱུ་དང་ཉམས་ཉེན་མཇུག་སྒྲིལ་རྒྱུར་སྐྱ་ཐིག་མཁོ་འདོན་བྱས་ཡོད”ཟེར།

ཟླ5པའི་ཚེས31ཉིན། ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་གྱིས་ཕོ་བྲང་དཀར་པོའི་ནང་དུ། ཅཱ་ཧྲ་ས་ཁུལ་དུ་ཡུན་རིང་དམག་འཁྲུག་རྒྱག་མཚམས་འཇོག་རྒྱུ་དང་འབྲེལ་ཏེ་ཡུན་རིང་བཀག་ཉར་བྱས་པའི་མི་སྣ་གློད་གྲོལ་གཏོང་བར་འགན་ལེན་ཡོད་པའི་གྲོས་འགོ་གསར་པ་ཞིག་ཁྱབ་སྒྲོག་བྱས་པ་རེད། པའེ་ཏིན་གྱིས“ཁྱོན་ཡོངས་ཀྱི་གྲོས་འགོ་གསར་པ”དེ་ནི་ཨ་མེ་རི་ཁ་དང་དབྱི་སི་རལ། ཁ་ཐར། ཨེ་ཅིབ། དབུས་ཤར་རྒྱལ་ཁབ་གཞན་དག་བཅས་བར་ཕྱི་འབྲེལ་གྲོས་མོལ་ཐེངས་མང་བྱས་པ་ལས་བྱུང་བའི་ཐོན་དངོས་ཤིག་ཡིན་ཟེར། ཧ་མ་སིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཧ་མ་སིས་ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་གྱིས་ཁྱབ་སྒྲོག་བྱས་པའི་འབྲེལ་ཡོད་གྲོས་འགོར་ལྟ་སྟངས་ཧུར་ཐག་འཛིན་གྱིན་ཡོད་ཟེར།

དབྱི་སི་རལ་གྱི་ཙུང་ལི་གཞུང་སྒྲུབ་ཁང་གིས་ཟླ6པའི་ཚེས1ཉིན་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་ཕྱོགས་ཀྱིས་དམག་འཐབ་མཇུག་སྒྲིལ་བའི་ཆ་རྐྱེན་ལ་འགྱུར་ལྡོག་གཏན་ནས་བྱུང་མེད་དེ། མུ་མཐུད་དུ་ཧ་མ་སིའི་དམག་དོན་དང་བཅོས་སྐྱོང་ནུས་པ་མེད་པར་བཟོས་ནས། བཀག་ཉར་བྱས་པའི་མི་སྣ་ཚང་མ་གློད་གྲོལ་གཏོང་རྒྱུ་ཡིན་པར་མ་ཟད། ཅཱ་ཧྲ་ས་ཁུལ་གྱིས་དབྱི་སི་རལ་ལ་འཇིགས་སྐུལ་མི་བཟོ་བར་འགན་ལེན་ཡང་བྱས་ཡོད། ཆ་རྐྱེན་དེ་དག་མ་འཛོམས་པའི་སྔོན་ལ། དབྱི་སི་རལ་གྱིས་ཡུན་རིང་དམག་མཚམས་འཇོག་རྒྱུར་མོས་མཐུན་བྱེད་པའི་བསམ་ཚུལ་དེ་ནི། དྲང་མོར་བཤད་ན“ལག་བསྟར་བྱེད་མི་སྲིད་པ་ཞིག”ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་ཟེར།

དབྱི་སི་རལ་གྱི་མང་ཚོགས་འབོར་ཆེན་གྱིས་ཟླ6པའི་ཚེས1ཉིན་གྱི་དགོང་མོ་ཡེ་ལུའུ་ས་ལེམ་དང་ཐི་ལཱ་ཝེ་ཧྥུའུ་སོགས་སུ་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ། དབྱི་སི་རལ་སྲིད་གཞུང་གིས་གྲོས་འགོ་གསར་པ་དང་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་། རྒྱལ་ཁབ་བདེ་འཇགས་པུའུ་ཡི་པུའུ་ཀྲང་པིན-ཀི་ཝེ་ཨར་དང་། ནོར་སྲིད་པུའུ་ཡི་པུའུ་ཀྲང་སི་མོ་ཐི་ལིས་ཧི་ཡིས་གསལ་སྒྲོག་སྤེལ་ཏེ། གལ་ཏེ་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉིས་ཡ་ཧུའུ་ཡིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་མཇུག་སྒྲིལ་རྒྱུའི་གྲོས་འགོ་དང་ལེན་བྱས་པ་ཡིན་ན། ཁོ་ཚོས་འགོ་ཁྲིད་བྱེད་ཀྱིན་པའི་སྲིད་ཏང་སྲིད་འཛིན་མནའ་འབྲེལ་འདི་ཉིད་ལས་ཁ་འབྲལ་ངེས་ཡིན་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།