ཀྲུང་གོ་ཕྱོགས་ཀྱིས་ཕྱེད་གླིང་གནད་དོན་ཆབ་སྲིད་ཀྱིས་ཐག་གཅོད་པའི་འཕེལ་རིམ་ལ་ཕྱོགས་སོ་སོས་མཉམ་དུ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།
2024.06.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་སྡོད་འཐུས་མི་ཧྥུའུ་ཚུང་གིས་ཟླ5པའི་ཚེས31ཉིན།   བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁྲའོ་ཞན་ཉིང་རྡུལ་གནད་དོན་གྱི་ཡོངས་བསྒྲགས་ཚོགས་འདུའི་སྟེང་བཤད་རྒྱུར། ཀྲུང་གོས་ཕྱོགས་སོ་སོས་ཞི་ལྷོད་དང་རང་ཚོད་ཟིན་པ་སྲུང་འཛིན་བྱེད་པ་དང་། གནས་བབ་ཛ་དྲག་དང་འགལ་ཟླ་ཇེ་དྲག་ཏུ་གཏོང་བའི་བྱ་སྤྱོད་གང་རུང་ལ་གཡོལ་ཐབས་བྱས་ནས། ཕྱེད་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་། ཕྱེད་གླིང་གནད་དོན་ཆབ་སྲིད་ཀྱིས་ཐག་གཅོད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུའི་འབོད་སྐུལ་བཏང་བ་ཡིན་ཟེར།

ཧྥུའུ་ཚུང་གིས་བཤད་རྒྱུར། མིག་སྔར་ཕྱེད་གླིང་གི་གནས་བབ་ཧ་ཅང་ཛ་དྲག་ཆེ་ཞིང་། ཁ་གཏད་དུ་ལངས་པའི་རྣམ་པ་མུ་མཐུད་རིམ་འཕར་བྱེད་ཀྱིན་ཡོད་པས། ཀྲུང་གོས་དེར་སེམས་ཁུར་ཚད་མེད་བྱེད་བཞིན་ཡོད། ཀྲུང་གོས་ཁྲའོ་ཞན་ཕྱོགས་ཀྱིས་ཉེ་སྔོན་བཏང་བའི་འཁོར་སྐར་གྱི་གནས་ཚུལ་ལ་དོ་སྣང་བྱས་ཡོད་ལ། འབྲེལ་ཡོད་ཕྱོགས་སོ་སོའི་རྣམ་འགྱུར་ལའང་དོ་སྣང་བྱས་ཡོད། ཕྱེད་གླིང་གནད་དོན་གྱི་ངོ་བོ་ནི་བདེ་འཇགས་གནད་དོན་ཡིན་ཞིང་། འབྱུང་རྩ་དེ་འཇམ་འཐབ་ཀྱི་ལྷག་རོ་ལུས་པ་དང་། ཞི་བདེའི་རྐྱེན་སྲོལ་ཚུགས་ཐུབ་མེད་པ། ཨ་མེ་རི་ཁ་དང་ཁྲའོ་ཞན་བར་གྱི་ཡིད་རྟོན་འཐུས་ཤོར་དུ་སོང་བའི་རྐྱེན་གྱིས་ཡིན། ཨ་མེ་རི་ཁ་དང་འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཟླ་བརྒྱད་པར་ཕྱེད་གླིང་ནས་ཉིང་རྡུལ་དམག་འཐབ་རྒྱབ་ལྗོངས་སུ་བྱས་པའི་གཞི་རྒྱ་ཆེ་བའི་མཉམ་འབྲེལ་དམག་དོན་སྦྱོང་རྡར་སྤེལ་རྒྱུའི་འཆར་གཞི་བཀོད་ཡོད། བྱེད་སྟངས་འདིས་གནས་བབ་སྔར་ལས་ཇེ་སྡུག་ཏུ་གཏོང་བར་མ་ཟད། ཕྱེད་གླིང་བྲེལ་ཟིང་གི་དམག་འཐབ་ཉེན་ཁ་ཇེ་ཆེར་བཏང་ནས། ཕྱེད་གླིང་ཡུན་སྐྱོང་བདེ་འགོད་ཀྱི་དམིགས་འབེན་སྔར་ལས་མངོན་འགྱུར་བྱེད་དཀའ་བའི་གནས་སུ་བསྐྱལ་ངེས་ཡིན་པས། ཀྲུང་གོས་དེ་ངོ་རྒོལ་བྱེད་པའི་ཚུལ་བསྟན།

ཧྥུའུ་ཚུང་གིས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕྱེད་གླིང་གནད་དོན་ཐག་གཅོད་བྱེད་ན་གནས་བབ་ཞི་ལྷོད་དུ་གཏོང་བར་ཕན་ཐོགས་ཤིང་། ཕན་ཚུན་གྱི་ཡིད་རྟོན་འཕེལ་བར་བྱེད་པ་དང་། མཐུན་སྒྲིལ་ལ་སྐུལ་འདེད་གཏོང་ཐུབ་དགོས་པས། བཀག་སྡོམ་དང་གནོན་ཤུགས་སྟེར་བ་ཁོ་ནར་དམིགས་མི་རུང་། དོན་དངོས་སྟེང་ནས་བཤད་ན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁྲའོ་ཞན་དང་འབྲེལ་བའི་གྲོས་ཆོད་ལ་བཀག་སྡོམ་བྱེད་པ་འདུ་བར་མ་ཟད། ཆབ་སྲིད་ཀྱིས་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། མི་ཆོས་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ལ་གཡོལ་བ་སོགས་ཀྱི་ནང་དོན་འདུས་ཡོད་པས། ཕྱོགས་ཡོངས་དྲང་སྙོམ་དང་ཡང་དག་སྒོས་ལག་བསྟར་བྱེད་དགོས། ཀྲུང་གོ་དང་ཨུ་རུ་སིས་དེའི་སྔོན་ཕྱེད་གླིང་གནད་དོན་གྱི་གྲོས་ཆོད་འཆར་ཟིན་གྱི་ཐོག་མའི་འཆར་འགོད་མཉམ་དུ་བཏོན་པ་ནི། མི་ཆོས་གནད་དོན་ནས་མགོ་བརྩམས་ཏེ། འདོད་ཚུལ་བཟང་པོ་དང་བརྡ་རྟགས་ཡག་པོ་བསྟན་ནས། ཕྱོགས་སོ་སོའི་བར་གྱི་ཡིན་རྟོན་འཕར་བར་བྱེད་པ་དང་། ཁ་བརྡ་ལས་ཆ་རྐྱེན་བསྐྲུན་པ་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བར། འབྲེལ་ཡོད་ཕྱོགས་སོ་སོས་བསམ་གཞིགས་ནན་མོ་གཏོང་རྒྱུའི་རེ་བ་ཡོད་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།