རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་གཙོ་བོས་རང་འགུལ་ཀྱིས་ཐོན་སྐྱེད་ཚད་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་ཀྱི་ལག་བསྟར་ཡུན་ཚད་ཇེ་རིང་དུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས།
2024.06.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱིས་ཚེས2ཉིན་གསལ་སྒྲོག་སྤེལ་ཏེ། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་དང་རྩ་འཛུགས་དེར་མི་གཏོགས་པའི་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་བརྒྱད་ཀྱིས་ད་ལོའི་དུས་ཚིགས་གསུམ་པར་མུ་མཐུད་དུ་རང་འགུལ་གྱིས་ཐོན་སྐྱེད་ཚད་ཇེ་ཉུང་དུ་གཏོང་རྒྱུ་ཐག་བཅད་པ་དང་། ཐོན་ཚད་ཇེ་ཉུང་དུ་བཏང་བའི་འབོར་གྲངས་ནི་ཉིན་རེར་ཟོ་ས་ཡ་གསུམ་དང་འབུམ་བརྒྱད་ཁྲི་ལྔ་ཡིན་ལ། རྒྱལ་སྤྱིའི་རྡོ་སྣུམ་ཚོང་རའི་གཏན་འཇགས་དང་དོ་མཉམ་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

ཉིན་དེར་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་དང་རྩ་འཛུགས་དེར་མི་གཏོགས་པའི་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་ཀྱིས་བརྙན་རིས་ཀྱི་ཐབས་ལ་བརྟེན་ནས་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་སོ་བདུན་པ་བསྡུས། པུའུ་ཀྲང་རིམ་པའི་གྲོས་ཚོགས་བསྡུ་བའི་སྐབས་སུ། སོ་ཏི་ཨ་རབ་དང་ཨུ་རུ་སི། དབྱི་རག ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཁི་ཝེ་ཐི། ཧཱ་སག་སི་ཐན། ཨར་ཅི་རི་ཡཱ། ཨ་མན་བཅས་རྒྱལ་ཁབ་བརྒྱད་ཀྱི་འཐུས་མིས་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་ཐུག་འཕྲད་བྱས་ཏེ། ཐོན་སྐྱེད་ཀྱི་ཚད་སོགས་སྲིད་ཇུས་ལ་གྲོས་བསྡུར་བྱས།

གསལ་སྒྲོག་ལྟར་ན། རྒྱལ་ཁབ་བརྒྱད་ཀྱིས2023ལོའི་ཟླ11པར་ཁྱབ་བསྒྲགས་བྱས་པའི་ཉིན་རེར་ཆ་སྙོམས་ཀྱིས་རྡོ་སྣུམ་ཟོ་ས་ཡ་གཉིས་དང་འབུམ་གཉིས་རང་འགུལ་གྱིས་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་དེ་ད་ལོའི་ཟླ9བའི་ཟླ་མཇུག་བར་རྒྱུན་བསྲིང་རྒྱུ་ཡིན་པ་དང་། དེའི་རྗེས་སུ་ཚོང་རའི་གནས་ཚུལ་ལ་གཞིགས་ནས་རིམ་བཞིན་ཐོན་སྐྱེད་ཀྱི་ཚད་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་སྐོར་ཞིག་མེད་པར་གཏོང་རྒྱུ་ཡིན་པ་ཐག་བཅད་ཡོད། དེ་ལས་གཞན་རྒྱལ་ཁབ་བརྒྱད་ཀྱིས་ན་ནིང་ཟླ4བར་ཁྱབ་བསྒྲགས་བྱས་པའི་ཉིན་རེར་རྡོ་སྣུམ་ཟོ་ས་ཡ་གཅིག་དང་འབུམ་དྲུག་ཁྲི་ལྔ་རང་འགུལ་གྱིས་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་དེ2025ལོའི་ལོ་མཇུག་བར་ཇེ་རིང་དུ་གཏོང་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།