ཕཱ་ལེ་སི་ཐན་བརྙན་འཕྲིན་ཁང་གིས་ཚེས་གཉིས་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ས་ཁུལ་མང་བོར་གཅིག་བསྡུས་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་ཟེར།
བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་གཉིས་ཉིན་ཅཱ་ཧྲའི་དབུས་ཕྱོགས་ཀྱི་ཀྲ་ཝ་དབྱེ་ཏཱ་དང་ནོའུ་སེ་ལའེ་ཐི་ཡུལ་གྱར་བའི་སྒར་ས་སོགས་ས་ཁུལ་མང་བོར་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་དགུ་རྐྱེན་ལམ་དུ་ཤོར། ཅཱ་ཧྲའི་བྱང་ཕྱོགས་ཀྱི་ས་ཁུལ་མང་བོར་ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གི་འགས་གཏོར་ཐེབས་ནས། ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར། དེ་ལས་གཞན་དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་བསྟུད་མར་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་གྱི་ས་ཁུལ་མང་བོར་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་ཤོར། གཞན་ཡང་ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས་གཉིས་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་ཅཱ་ཧྲའི་བྱང་ཕྱོགས་ཀྱི་ཅེ་པཱ་ལེ་ཡེ་ཡུལ་གྱར་བའི་སྒར་ས་ནས་ཕྱིར་འཐེན་བྱས་པའི་ཚུན་ལ། རྒུད་སྐྱོབ་མི་སྣས་ཡུལ་གྱར་བའི་སྒར་ས་དེའི་ནང་ཉུང་མཐར་ཡང་བེམ་པོ་བརྒྱ་དང་ཉི་ཤུ་རྙེད་ཡོད་ཟེར།
ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་གཉིས་ཉིན་སྤེལ་བའི་གཞི་གྲངས་ལྟར་ན། ན་ནིང་ཟླ་བཅུ་བའི་སྐོར་ཐེངས་དང་པོའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་སྤེལ་བ་ལས་ཕཱ་ལེ་སི་ཐན་གྱི་མི་ཁྲི་གསུམ་དང་སྟོང་དྲུག་བཞི་བརྒྱ་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་བརྒྱད་དང་སྟོང་གཉིས་ལྷག་ལ་རྨས་ཕོག་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།