མར་ཏའེ་ཝེའི་སྲིད་གཞུང་གིས་དབྱི་སི་རལ་གྱི་སྤྱི་དམངས་རང་གི་མངའ་ཁོངས་སུ་ཡོང་བར་གཏན་འགོག་བྱེད་རྒྱུ་ཐག་བཅད།
2024.06.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

མར་ཏའེ་ཝེའི་རྒྱལ་ཁབ་མངའ་ཁོངས་བདེ་འཇགས་པུའུ་ཡི་པུའུ་ཀྲང་དབྱེ་ཧུའུ་སིང་གིས་ཚེས2ཉིན་བསྟན་དོན། རྒྱལ་ཁབ་དེའི་སྲིད་གཞུང་གིས་དབྱི་སི་རལ་གྱི་སྤྱི་དམངས་དག་རང་གི་མངའ་ཁོངས་སུ་ཡོང་བར་གཏན་འགོག་བྱེད་རྒྱུ་ཐག་བཅད་ཡོད་ཟེར།

དབྱེ་ཧུའུ་སིང་གིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། སྲིད་གཞུང་གིས་ཉིན་དེར་ནེ་ཀིའི་གྲོས་ཚོགས་བསྡུས་ཏེ་ཆོད་དོན་དེ་བཏོན་པར་མ་ཟད། དམིགས་བསལ་ཨུ་ཡོན་ལྷན་ཁང་བཙུགས་ནས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཕེལ་རིམ་ཇེ་མགྱོགས་སུ་བཏང་། དེ་ལས་གཞན་ནེ་ཀིའི་གྲོས་ཁང་གིས་ཕཱ་ལེ་སི་ཐན་ལས་དོན་གྱི་འགན་ཁུར་བའི་ཙུང་ཐུང་གི་ཆེད་མངག་ཕོ་ཉ་བསྐོ་འཇོ་བྱེད་པ་དང་། ཞལ་འདེབས་འབུལ་བའི་བྱ་སྤྱོད་སྤེལ་བ། རྒྱལ་ཡོངས་རང་བཞིན་གྱི་འདུ་ཚོགས་བསྡུ་བ་སོགས་ཀྱི་ཐབས་ལ་བརྟེན་ནས་ཕཱ་ལེ་སི་ཐན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཐག་བཅད་ཡོད་ཟེར།

དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། མར་ཏའེ་ཝེའི་སྲིད་གཞུང་གིས་དབྱི་སི་རལ་གྱི་ལམ་ཡིག་བཟུང་བའི་མི་རྣམས་རང་གི་མངའ་ཁོངས་སུ་ཡོང་བར་གཏན་འགོག་བྱེད་རྒྱུ་ཐག་བཅད་པར་དམིགས་ཏེ། དབྱི་སི་རལ་ཕྱི་འབྲེལ་པུའུ་ཡིས་དབྱི་སི་རལ་གྱི་སྤྱི་དམངས་དག་མར་ཏའེ་ཝེ་རུ་འགྲོ་མི་རུང་བའི་གྲོས་གཞི་བཏོན། གྲོས་གཞི་དེ་ད་རུང་ཕྱི་རྒྱལ་གྱི་ལམ་ཡིག་བཟུང་བའི་དབྱི་སི་རལ་གྱི་སྤྱི་དམངས་དག་ལའང་བསྒྲགས་ཡོད། གསལ་སྒྲོག་ལས་ད་རུང་ཉེ་སྔོན་མར་ཏའེ་ཝེ་རུ་ཡོད་པའི་དབྱི་སི་རལ་གྱི་སྤྱི་དམངས་དག་གནས་དེ་དང་ཁ་འབྲལ་བར་བསམ་བློ་གཏོང་དགོས་པའི་གྲོས་གཞི་བཏོན།


བསོད་ནམས་ཚེ་རིང་གིས་བསྒྱུར།