ཅིར་ཅི་སི་སི་ཐན་གྱི་ཙུང་ལི་ཡིས་ཀྲུང་གོའི་བར་གྱི་མཉམ་ལས་ལས་མཛའ་མཐུན་འབྲེལ་བ་སྲུང་འཛིན་བྱེད་འདོད་ཡོད་པའི་ཚུལ་བསྟན།
2024.06.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཅིར་ཅི་སི་སི་ཐན་གྱི་ཙུང་ལི་ཀྲ་ཕཱ་ལོ་ཧྥུའུ་ཡིས་ཉེ་སྔོན་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོའི་ཚུན་ལ་ཅིར་ཅི་སི་སི་ཐན་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཐད་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པ་དང་། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་དེར་བཀའ་དྲིན་ཞུ་བཞིན་ཡོད་པར་མ་ཟད། ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བ་སྲུང་འཛིན་བྱེད་རྒྱུ་ཡིན་ཟེར།

ཀྲ་ཕཱ་ལོ་ཧྥུའུ་ཡིས་ཟླ5བའི་ཚེས31ཉིན་ཨོ་ཧྲི་རྒྱལ་བཙུགས་སློབ་ཆེན་བཙུགས་ནས་ལོ་ངོ85འགོར་བའི་དགའ་སྟོན་མཛད་སྒོ་དང་སློབ་གྲྭ་དེའི་འཕྲུལ་མི་དང་མིས་བཟོས་རིག་ནུས་ལྟེ་གནས་ཀྱི་ཡོལ་རས་ཕྱེས་པའི་མཛད་སྒོར་ཞུགས་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཉིན་དེར་མཛད་སྒོར་ཞུགས་མཁན་ལ་ད་རུང་ཅིར་ཅི་སི་སི་ཐན་གྱི་སློབ་གསོ་པུའུ་ཀྲང་ཁུན་ཅི་ཨར་པཱ་ཡེ་ཝ་དང་། ཅིར་ཅི་སི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཏུའུ་ཏི་ཝུན། སྤྱི་ཚོགས་ལས་རིགས་སོ་སོའི་འཐུས་མི་བཅས་བསྡོམས་པས་མི་ལྔ་བརྒྱ་ལྷག་ཡོད།

ཀྲ་ཕཱ་ལོ་ཧྥུའུ་ཡིས་བསྟན་དོན། འཕྲུལ་མི་དང་མིས་བཟོས་རིག་ནུས་ལྟེ་གནས་དེ་ཅིར་ཅི་སི་སི་ཐན་ལ་གསར་གཏོད་འཇོན་མི་གསོ་སྐྱོང་བྱེད་སའི་རྟེན་གཞི་གལ་ཆེན་ཞིག་ཏུ་འགྱུར་སྲིད་ལ། ཅིར་ཅི་སི་སི་ཐན་དང་ཀྲུང་གོའི་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་སྲུང་འཛིན་བྱེད་པར་ཕན་ཐོགས་ཡོད་ཟེར།

ཏུའུ་ཏི་ཝུན་གྱིས་ཨོ་ཧྲི་རྒྱལ་བཙུགས་སློབ་ཆེན་བཙུགས་ནས་ལོ་ངོ85འགོར་བར་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱི་མཛའ་མཐུན་མཉམ་ལས་དེ་ཕྱོགས་ཡོངས་ནས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བའི་ལམ་དུ་ཞུགས་སྲིད། སློབ་གྲྭ་དེའི་ཁུང་ཙིའི་སློབ་གླིང་གིས་ཅིར་ཅི་སི་སི་ཐན་གྱིས་རྒྱ་ཡིག་གི་སློབ་ཁྲིད་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱི་དུས་རབས་མཛའ་མཐུན་སྲུང་འཛིན་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་ཀྱི་རྒྱབ་སྐྱོར་འོག སློབ་གྲྭ་དེའི་འཕྲུལ་མི་དང་མིས་བཟོས་རིག་ནུས་ལྟེ་གནས་བཙུགས་པ་དེས་ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་ཐད་སྔར་ལས་མང་བའི་སྤུས་ཚད་མཐོ་བའི་འཇོན་མི་གསོ་སྐྱོང་བྱེད་ཐུབ་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།