མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པ20ལྷག་གིས་རྒྱལ་ཁབ་ཚང་མས་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.06.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པ20ལྷག་གིས་ཚེས3ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་ཚང་མས་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་གནད་དོན་གྱི་སྒེར་ཚུགས་ཆེད་མཁས་པ་ཁཱ་ཐི་ལུའུ་ཅཱ་ལོ་སི་དང་། 1967ལོའི་ཚུན་ལ་བཙན་བཟུང་བྱས་པའི་ཕཱ་ལེ་སི་ཐན་མངའ་ཁོངས་ཀྱི་འགྲོ་མིའི་ཐོབ་ཐང་གནས་ཚུལ་གྱི་དམིགས་བསལ་སྙན་ཞུ་པ་ཨ་ཨར་པཱ་ནེ་སེ། བདེ་ཐང་ཆེད་དབང་སྙན་ཞུ་པ་མའོ་ཧྥུའུ་ཁུན་བཅས་འདུས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པ20ལྷག་གིས་མཉམ་འབྲེལ་གསལ་སྒྲོག་ནང་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བརྒྱ་དང་བཞི་བཅུ་ལྷག་གིས་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱས་ཡོད་པ་དང་། རྒྱལ་ཁབ་ཚང་མས་ངེས་པར་དུ་བྱེད་ཐབས་དེར་ལད་མོ་བྱེད་དགོས་ཟེར།

ཆེད་མཁས་པ་དེ་དག་གིས་བལྟས་ན། ཕཱ་ལེ་སི་ཐན་ལ་ངེས་པར་དུ་རང་ཐག་གཅོད་པའི་དབང་ཆ་ཡོད་དེ། འཚོ་སྡོད་ཀྱི་ནུས་པ་དང་རང་གི་ལས་དབང་ཐག་གཅོད་བྱེད་པའི་ནུས་པ། བདེ་འཇགས་དང་འགན་སྲུང་ཡོད་པའི་མི་རིགས་ཤིག་ཡིན་པའི་ཆ་ནས་རང་དབང་འཕེལ་རྒྱས་གཏོང་བའི་ནུས་པ་བཅས་ཡོད་དགོས་པར་འདོད།

ཆེད་མཁས་པ་དེ་དག་གིས་བསྟན་དོན། ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་པ་ནི་ཕཱ་ལེ་སི་ཐན་དང་དབུས་ཤར་ས་ཁུལ་ཧྲིལ་བོར་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཟེར། ཁོ་ཚོས་མྱུར་མོར་ཅཱ་ཧྲ་ས་ཁུལ་ནས་འཁྲུག་རྩོད་མཚམས་འཇོག་པ་ཁྱབ་སྒྲོག་བྱེད་དགོས་པར་མ་ཟད། ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་དུ་དམག་དོན་བཙན་འཛུལ་བྱེད་མི་རུང་བའི་འབོད་སྐུལ་བཏང་།

ལོ་མང་བའི་རིང་ལ། ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱི་འཕེལ་རིམ་ལ་བཀག་རྒྱ་ཐེབས་ཡོད་ཀྱང་། ཕཱ་ལེ་སི་ཐན་དེ་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་ཁས་ལེན་རྒྱ་ཆེར་ཐོབ་ཡོད། ད་ལོའི་ཟླ་ལྔ་བའི་ཚེས་ཉེར་བརྒྱད་ཉིན། ནོར་ཝེ་དང་སི་ཕེན། ཨིར་ལན་བཅས་རྒྱལ་ཁབ་གསུམ་གྱི་སྲིད་གཞུང་གིས་སོ་སོར་ཕཱ་ལེ་སི་ཐན་རྒྱལ་ཁབ་དངོས་སུ་ཁས་ལེན་བྱེད་པ་ཁྱབ་བསྒྲགས་བྱས། པཱ་པཱ་ཏའོ་སི་དང་ཡཱ་མེད་ཅཱ། ཐི་ལི་ནེ་ཏཱ། ཏའོ་པཱ་ཀི། པཱ་ཧཱ་མཱ་སོགས་རྒྱལ་ཁབ་ཀྱིས་ཀྱང་དེའི་སྔོན་ལང་ལོང་སྒོས་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱེད་པ་ཁྱབ་བསྒྲགས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།