སུའུ་ཏན་འཕྲོད་བསྟེན་པུའུ་ཡིས་ཚེས3ཉིན་སྤྱི་སྒྲོག་གསར་བ་སྤེལ་ཏེ། སུའུ་ཏན་སྲིད་གཞུང་གིས་ཉིན་དེར་རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་ཏཱ་ཨར་ཧྥུའུ་ཨར་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ལཱ་ཞེ་ཨར་དུ་སྲོག་སྐྱོབ་སྨན་རྫས་དང་སྨན་བཀོལ་རྒྱུ་ཆ་ཏུན20བར་སྣང་ནས་གཏོང་འཕེན་བྱས། དེ་ནི་ན་ནིང་གི་ཟླ4བའི་ཚུན་ལ་སུའུ་ཏན་དྲག་ཆས་དམག་དཔུང་དང་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་བར་འཁྲུག་རྩོད་བྱུང་བའི་ཚུན་ལ། སུའུ་ཏན་སྲིད་གཞུང་གིས་ཐོག་དང་པོར་རང་གི་མངའ་ཁོངས་སུ་སྨན་རྫས་བར་སྣང་ནས་གཏོང་འཕེན་བྱས་པ་རེད།
སུའུ་ཏན་གྱི་འཕྲོད་བསྟེན་པུའུ་ཀྲང་དབྱེ་པུའུ་ལཱ་ཞིན་གྱིས་སྤྱི་སྒྲོག་ནང་བཤད་རྒྱུར། བར་སྣང་ནས་གཏོང་འཕེན་བྱས་པའི་དངོས་རྫས་ལ་འཇགས་རྩའི་སྨན་ཆུ་དང་སྦྲིད་སྨན། དེ་མིན་སྨན་བཅོས་ཀྱི་རྒྱུ་ཆ་མང་བོ་འདུས་ཡོད་ལ། ཏཱ་ཨར་ཧྥུའུ་ཨར་མངའ་སྡེ་བྱང་མའི་འཕྲོད་བསྟེན་སྡེ་ཁག་ལ་སྤྲད་ཡོད་ཟེར། དབྱེ་པུའུ་ལཱ་ཞིན་གྱིས་ད་རུང་བསྟན་དོན། སུའུ་ཏན་འཕྲོད་བསྟེན་པུའུ་ཡིས་ད་རུང་ཏཱ་ཨར་ཧྥུའུ་ཨར་བྱང་མ་མངའ་སྡེ་རུ་སྨན་རྫས་དང་སྨན་བཀོལ་རྒྱུ་ཆ་ཏུན30བསྐྱལ་རྒྱུ་ཡིན་ཟེར།
སུའུ་ཏན་རྒྱལ་ཁབ་ཀྱི་སྨན་བཅོས་ཡོ་བྱད་ཐེབས་རྩའི་ལག་བསྟར་ཀྲུའུ་རིན་པཱ་ཅི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སྨན་རྫས་དེ་དག་བདེ་བླག་ངང་ཧྥ་ཞེ་ཨར་གྲོང་ཁྱེར་དུ་བར་སྣང་ནས་གཏོང་འཕེན་བྱས་ཡོད་ཟེར།
སུའུ་ཏན་གླེང་སྟེགས་ཚགས་པར་གྱིས་ཚེས་གཉིས་ཉིན་བསྒྲགས་པ་ལྟར་ན། སུའུ་ཏན་དྲག་ཆས་དམག་དཔུང་དང་དེའི་ས་གནས་མནའ་མཐུན། སུའ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་བཅས་ཀྱིས་ཉེ་སྔོན་ཧྥ་ཞེ་ཨར་འཁྲུག་རྩོད་བྱས་ཏེ་མི་བཅུ་ཕྲག་འགའ་རྐྱེན་ལམ་དུ་ཤོར་ཡོད་ལ། ཧྥ་ཞེ་ཨར་གྱི་སྨན་ཁང་མང་བོའི་སྒྲིག་ཆས་ཀྱང་དཔུང་འཇུག་གི་དམིགས་འབེན་དུ་གྱུར་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།