ཨུ་རུ་སིའི་ཙུང་ལི་མུས་ཧྲུའུ་སི་ཅིང་གིས་ཚེས3ཉིན་བསྟན་དོན། འབྲུ་རིགས་བདེ་འཇགས་དེ་ཨུ་རུ་སི་དང་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མར་གལ་འགངས་ཆེ་ཟེར།
ཚོགས་ཡུན་ཉིན་གཉིས་ཡིན་པའི་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་སྲིད་གཞུང་བར་གྱི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཚེས་གསུམ་ཉིན་ཨུ་རུ་སི་དཀར་པོ་ནས་ཚོགས་མགོ་བརྩམས། མུས་ཧྲུའུ་སི་ཅིང་གིས་ཉིན་དེར་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྒྲོམ་གཞིའི་འོག་གི་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་འབྲུ་རིགས་བདེ་འཇགས་ཞེས་པ་བརྗོད་སྙིང་ཡིན་པའི་ཚང་འཛོམས་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་ལ་ཞིང་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད་པ་དང་། སྔར་ཡོད་ཀྱི་ཞིང་ལས་ཐོན་རྫས་ཀྱི་དགོས་མཁོ་བསྐང་བའི་ཆུ་ཚད་ལོ་རེ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད་ལ། ན་ནིང་ལོ་མཇུག་ཏུ་བརྒྱ་ཆའི་གོ་གསུམ་ལས་བརྒལ་ཡོད། ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་བཙུགས་ནས་ལོ་ངོ་བཅུ་འགོར་བའི་རིང་ལ། ཞིང་ལས་ཐོན་ཚད་བརྒྱ་ཆའི་ཉེར་ལྔ་ལས་བརྒལ་ཡོད་པ་དང་། ད་ལོའི་དུས་ཚིགས་དང་པོར་སྔར་བཞིན་འཕར་སྣོན་གྱི་རྣམ་པ་སྲུང་འཛིན་བྱས་ཡོད་ཟེར།
མུས་ཧྲུའུ་སི་ཅིང་གིས་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱིས་དངོས་སྐྱེལ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཕྱི་རྒྱལ་གྱི་ཚོང་ར་རྒྱ་བསྐྱེད་དེ། འབྲུ་རིགས་བདེ་འཇགས་ལ་ཤུགས་སྣོན་དང་ཐུན་མོང་ཚོང་རའི་གཏན་འཇགས་རང་བཞིན་དང་སྔོན་དཔག་ཐུབ་པའི་རང་བཞིན་ལ་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།