ཚེས3ཉིན་གྱི་དགོང་མོ། ཡེ་མེན་གྱི་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་མགྲིན་ཚབ་པ་ཡེ་ཧའེ་ཡ·ས་ལེ་ཡ་ཡིས། ཉིན་དེར་རྩ་འཛུགས་དེས་དབྱི་སི་རལ་གྱི་རྒྱ་མཚོ་དམར་པོའི་གྲོང་ཁྱེར་ཨའེ་ལ་ཐི་རུ་རང་བཟོས་འཕུར་མདེལ་ཞིག་འཕེན་གཏོང་བྱས་པ་དམིགས་འབེན་ལ་ཕོག་ཡོད་ཟེར།
ས་ལེ་ཡ་ཡིས་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་ཐེངས་འདིའི་འཇབ་རྒོལ་ཁྲོད་རྩ་འཛུགས་དེས་བཟོས་པའི་འཕུར་མདེལ་གསར་པ་ཐོག་མར་སྤྱད་དེ་ཨའེ་ལ་ཐེའི་དམག་དོན་དམིགས་འབེན་ཞིག་ལ་རྡུང་རྡེག་གཏོང་རྒྱུ་ཡིན་ཟེར།
གཞན་ཡང་ཚེས3ཉིན། དབྱི་སི་རལ་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་དམག་གིས་ཨའེ་ལ་ཐི་རུ་རྒྱ་མཚོ་དམར་པོའི་ཕྱོགས་ནས་ཡོང་བའི་མདེལ་ལམ་འཕུར་མདེལ་ཞིག་བཀག་ཡོད་པ་རེད།
ན་ནིང་ཟླ10པར་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་རེས་སྐོར་གསར་པའི་འཁྲུག་རྩོད་བྱུང་རྗེས། ཡེ་མེན་གྱི་ཧུའུ་སའེ་དྲག་ཆས་ཀྱིས་མི་མེད་གནམ་གྲུ་དང་འཕུར་མདེལ་སྤྱད་དེ་རྒྱ་མཚོ་དམར་པོའི་ཆུ་ཁོངས་ཀྱི་དམིགས་ཚད་ལ་འཇབ་རྒོལ་ཐེངས་མང་བྱས། ད་ལོའི་ཟླ1ཚེས12ཉིན་ནས་བཟུང་། ཨ་རི་དང་དབྱིན་ཇིས་ཧུའུ་སའེ་དྲག་ཆས་ཀྱི་དམིགས་འབེན་ལ་མཁའ་རྒོལ་ཐེངས་མང་བྱས་པས་མི་མང་པོ་ཤི་རྨས་བྱུང་ཡོད། རྒྱལ་ཁབ་ཁག་གཅིག་གིས་ཨ་རི་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱི་བྱ་སྤྱོད་ལ་རྒོལ་གཏམ་བཏང་ནས། དེ་ནི་ཡེ་མེན་གྱི་བདག་དབང་ལ་བཙན་གནོད་བྱས་པ་ཞིག་ཡིན་པས་ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་སྲིད་པར་ངོས་འཛིན་བྱེད་ཀྱི་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།