མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་གཞོན་པ་ཏའེ་པེན་གྱིས་ཚེས4ཉིན་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མ་འོངས་པའི་མཐོ་རིམ་གྲོས་ཚོགས་གོ་སྐབས་སུ་བཟུང་ནས་དབུལ་སེལ་དང་། རྨང་གཞིའི་སྒྲིག་བཀོད། འཕེལ་རྒྱས་ཐད་མ་དངུལ་གྲབས་གསོག་བྱེད་པ་སོགས་ཀྱི་གྲོས་གཞི་དེ་སྔར་ལས་གལ་ཆེ་བའི་གོ་གནས་སུ་བཞག་སྟེ། 2030ལོའི་གྲོས་རིམ་དོན་འཁྱོལ་ཇེ་མགྱོགས་སུ་གཏོང་ཆེད་སྒུལ་ཤུགས་གསར་པ་བསྣོན་དགོས་ཟེར།
ཏའེ་པེན་གྱིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ལས་ཁུངས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་གྲངས་ཐེབས་རྩ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་གཞིའི་ལས་དོན་ཐིན་གྱི་ལག་བསྟར་ཅུའུ་བཅས་དང་མཉམ་འབྲེལ་སྒོས2024ལོའི་ལོ་ཚོགས་དང་གསར་སྤེལ་ལས་ཁུངས་ཀྱི་འགོ་པར་གླེང་མོལ་བྱེད་པའི་ཚོགས་འདུའི་སྟེང་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་གསར་སྤེལ་ལས་ཁུངས་ཀྱིས་རྙོག་འཛིང་ཆེ་བའི་ཕྱིའི་འགྲན་སློང་ལ་ཁ་གཏད་ཧུར་ཐག་འཇལ་བ་དང་། གསར་སྐྲུན་ལ་སྐུལ་འདེད་གཏོང་བ། རྩིས་སྤྲོད་ཀྱི་ལས་ཆོད་ཆེ་རུ་གཏོང་བ། འཐབ་ཇུས་ཀྱི་འཆར་གཞི་དེ་བྱེ་བྲག་གི་བྱ་སྤྱོད་དུ་བསྒྱུར་རྒྱུ་ཡིན་ཞིང་། དེ་ནི་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཡིད་ཆེས་བྱེད་འོས་པའི་འཕེལ་རྒྱས་ཀྱི་གྲོགས་པོ་ཞིག་ཡིན་ཟེར།
ཏའེ་པེན་གྱིས་བཤད་རྒྱུར། ལས་ཁུངས་ཀྱི་འགོ་པའི་ལོ་རེའི་སྙན་ཞུའི་ནང་སྤྱི་པའི་ཞབས་ཞུ་གཞི་གྲངས་ཅན་དུ་གཏོང་བ་བརྒྱུད་དེ་གཞི་རིམ་བཅོས་སྐྱོང་བྱེད་ནུས་ཇེ་ཆེར་གཏོང་བའི་ལས་གཞི་ངོ་སྤྲོད་བྱས་པ་དང་། གསར་སྤེལ་ལས་ཁུངས་ཀྱིས་མིའི་ཐབས་ཀྱི་བློ་རིག་སོགས་ཚན་རྩལ་ཁེ་ཕན་གྱི་ཆེས་ལེགས་པའི་ལག་ལེན་སྔར་ལས་མང་པོ་མཉམ་སྤྱོད་བྱེད་དུ་འཇུག་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཡུན་རིང་རང་བདག་འཕེལ་རྒྱས་གཏོང་བའི་ནུས་པ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན། ཀྲུང་གོ་ཕྱོགས་ཀྱིས་གསར་སྤེལ་ལས་ཁུངས་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་དང་ཕྱོགས་གསུམ་མཉམ་ལས་ལ་ཧུར་ཐག་གིས་རྒྱབ་སྐྱོར་བྱས་ཏེ། ཕྱོགས་མང་དངུལ་རྩའི་ལས་ཁུངས་དང་མཉམ་ལས་བྱེད་ཤུགས་ཇེ་ཆེར་བཏང་བར་བསྟོད་བསྔགས་བྱས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ཕྱོགས་ཡོངས་ནས་གཞུང་ཕྱོགས་ཀྱི་འཕེལ་རྒྱས་ལ་རོགས་སྐྱོར་དང་གནམ་གཤིས་མ་དངུལ་གྱི་ཁས་ལེན་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་། གསར་སྤེལ་ལས་ཁུངས་ཀྱིས་རོགས་ཟླའི་འབྲེལ་བ་སྔར་ལས་རྒྱ་བསྐྱེད་དེ། ཐབས་ལམ་མང་པོའི་སྒོ་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་དོན་འཁྱོལ་བྱེད་དགོས།
ཏེན་པེན་གྱིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་གསར་སྤེལ་ལས་ཁུངས་ཀྱིས་ཀྲུང་གོའི་རྒྱལ་ཁབ་སོ་སོའི་བར་གྱི་ཇུས་གཞིའི་འཕེལ་རིམ་བདེ་བླག་ཡིན་པར་བསྟོད་བསྔགས་བྱས་པ་དང་། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་ཕན་ཐོགས་པའི་རོགས་རམ་མཁོ་འདོན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་གསར་སྤེལ་ལས་ཁུངས་ཀྱི་བྱ་བར་རྒྱབ་སྐྱོར་བྱས་ནས་དུས་ཡུན་རིང་བོར་བརྟན་འཇགས་ཀྱི་ལྟེ་བའི་ཐོན་ཁུངས་མཁོ་འདོན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་པར་མ་ཟད། 2030ལོའི་གྲོས་རིམ་དང་འབྲེལ་མཐུད་ནུས་ལྡན་ཡོང་རྒྱུར་སྐུལ་འདེད་བཏང་ཡོད་པ་དང་། གསར་སྤེལ་ལས་ཁུངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་གཞི་གྲངས་དཔལ་འབྱོར་དང་། སྤྱི་པའི་འཕྲོད་བསྟེན། ནུས་ཁུངས་གཞན་སྒྱུར་སོགས་ཁྱབ་ཁོངས་ལ་དམིགས་ནས་ལས་གཞི་མང་པོ་ལག་བསྟར་བྱས་ཤིང་། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ་འཕེལ་རྒྱས་ཀྱི་ཉམས་མྱོང་དང་ཆེས་བཟང་བའི་ལག་ལེན་མཉམ་སྤྱོད་བྱས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་མྱུར་དུ་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་སྟེ། འཛམ་གླིང་ཧྲིལ་བོའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་རེ་སྒུག་བྱས་ཡོད་ཟེར།
ཚེ་རིང་སྒྲོལ་མས་བསྒྱུར།