སྐབས་བཞི་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ལས་རིགས་སློབ་གསོའི་ཞིབ་བསྡུར་ཚོགས་འདུ་ཚེས3ཉིན་ཐན་ཙན་ནི་ཡཱའི་ཏཱ་ལོས་སི་སཱ་ལཱ་མུའུ་ནས་སྤེལ། ཆེད་མཁས་པ་བརྒྱ་ཕྲག་ལྷག་ཚོགས་འདུར་ཞུགས་ནས། ཀྲུང་གོ་དང་ཐན་ཙན་ནི་ཡཱའི་ལས་རིགས་སློབ་གྲྭས་བརྗེ་རེས་མཉམ་ལས་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་བའི་ཐབས་ལམ་ལ་གྲོས་བསྡུར་བྱས།
ཐན་ཙན་ནི་ཡཱའི་སློབ་གསོ་དང་ཚན་རིག ལག་རྩལ་པུའུ་ཡི་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ་ཀྲན་མུའུ་སི་མུའུ་ཏའོ་ཨེ་ཡིས་ཞིབ་བསྡུར་ཚོགས་འདུའི་སྟེང་ཞུ་ཚིག་ཕུལ་ཏེ། ཀྲུང་གོར་ལས་རིགས་ལག་རྩལ་སློབ་གསོ་དང་གསོ་སྦྱོང་མ་ལག་འཐུས་ཚང་ཡོད་པ་དང་། ཀྲུང་གོའི་ལས་རིགས་ལག་རྩལ་སློབ་གསོ་དང་གསོ་སྦྱོང་ཐད་ཀྱི་མཉམ་ལས་ཀྱི་དྲིན་ལས། ཐན་ཙན་ནི་ཡཱའི་སྤུས་ཚད་མཐོ་བའི་འཇོན་མི་སྐོར་ཞིག་མི་འགྱངས་པར་བྱ་བའི་ལས་གནས་སུ་ཞུགས་ཐུབ་པ་དང་། ཁོ་ཚོས་སྤྱི་ཚོགས་དང་དཔལ་འབྱོར་གྱི་མགྱོགས་མྱུར་འཕེལ་རྒྱས་ཐད་བྱས་རྗེས་འཇོག་ཐུབ་པར་རེ་བ་བྱེད་བཞིན་ཡོད་ཟེར།
ཐན་ཙན་ནི་ཡཱའི་རྒྱལ་ཁབ་ལས་རིགས་སློབ་གསོ་ཨུ་ཡོན་ལྷན་ཁང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨིན་ཏོན་ཀུའུ་ལུའུ་ཡིས་བསྟན་དོན། ཐན་ཙན་ནི་ཡཱ་ཡིས་ཀྲུང་གོའི་ལས་རིགས་སློབ་གྲྭ་དང་མཉམ་དུ་སྔར་ལས་མང་བའི་མཉམ་ལས་འཚོལ་ཞིབ་བྱེད་པ་དང་། མཉམ་ལས་མ་ལག་འཐུས་ཚང་དུ་བཏང་ནས། ཐན་ཙན་ནི་ཡཱའི་ན་གཞོན་གྱི་ལས་རིགས་ལག་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རེ་སྒུག་བྱས་ཡོད་ཟེར།
ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ལས་རིགས་སློབ་གསོའི་མནའ་འབྲེལ་གྱི་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ལས་འཛིན་དཔོན་ཀུང་ཀྲི་ཝུའུ་ཡིས་བཤད་རྒྱུར། ཐེངས་འདིའི་ཞིབ་བསྡུར་ཚོགས་འདུ་ལས་ཐན་ཙན་ནི་ཡཱ་དང་ཀྲུང་གོའི་ལས་རིགས་ལག་རྩལ་སློབ་གསོ་དང་གསོ་སྦྱོང་ཐད་ཀྱི་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་མཉམ་ལས་སྤྲོ་བ་དང་མཉམ་ལས་ཁྱབ་ཁོངས་ལ་གྲོས་བསྡུར་བྱས་ནས། མཉམ་ལས་སྤེལ་བར་སྟབས་བདེ་བཟོ་དགོས་ལ། ཐན་ཙན་ནི་ཡཱའི་མཐར་ཕྱིན་སློབ་མར་སྤུས་ལེགས་ཀྱི་ལས་ཞུགས་གོ་སྐབས་འདོན་སྤྲོད་བྱེད་དགོས་ཟེར།
ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ལས་རིགས་སློབ་གསོའི་མནའ་འབྲེལ་དེ2021ལོའི་ཟླ5བར་བཙུགས་པ་དང་། ད་ལྟ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་སློབ་གྲྭ་དང་ཁེ་ལས། ཞིབ་འཇུག་ལས་ཁུངས་སོགས་ཁོངས་གཏོགས་ལས་ཁུངས་མང་བོ་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།