རྒྱ་གར་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་ལྔ་ཉིན་གྱི་ཞོགས་པར་ཁྱབ་བསྒྲགས་བྱས་པའི་གྲོས་ཁང་ཞོལ་མའི་སྐབས་བཅོ་བརྒྱད་པའི་འདེམ་བསྐོའི་མཇུག་མཐར་བསྡོམས་རྩིས་བྱས་པའི་འདེམ་ཤོག་འཕངས་པའི་མཇུག་འབྲས་ལྟར་ན། སྲིད་འཛིན་ཏང་རྒྱ་གར་མི་དམངས་ཏང་གཙོ་བྱས་པའི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་ལ་ཕྱེད་གྲངས་ལས་བརྒལ་བའི་ལས་གནས་ཐོབ་ཡོད་པ་དང་། དེ་ལས་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་ལ་ཐེངས་འདིའི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ་མཚོན་ཡོད།
འདེམ་ཤོག་རྩིས་ལེན་བྱས་པའི་མཇུག་འབྲས་ལྟར་ན། རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་ལ་བསྡོམས་པས་ལས་གནས295ཐོབ་པ་དང་། དེའི་ནང་ད་ལྟའི་ཙུང་ལི་མའོ་ཏིས་ཀྱིས་མགོ་ཁྲིད་པའི་རྒྱ་གར་མི་དམངས་ཏང་ལ་ལས་གནས240ཐོབ་ཡོད་པ་དང་། ཆེས་ཆེ་བའི་ངོ་རྒོལ་ཏང་རྒྱ་གར་རྒྱལ་དམངས་ཚོགས་ཆེན་ཏང་ལ་ལས་གནས99ཐོབ་ཡོད་ལ། དེས་གཙོ་ཁྲིད་བྱེད་པའི་ངོ་རྒོལ་ཏང་མནའ་འབྲེལ་རྒྱ་གར་རྒྱལ་ཁབ་འཕེལ་རྒྱས་བཟོད་སྒོམ་མནའ་འབྲེལ་ལ་ལས་གནས231ཐོབ་ཡོད་པ་རེད།
མའོ་ཏིས་ལ་རྒྱ་གར་བྱང་ཕྱོགས་མངའ་སྡེའི་ཝ་ལཱ་ནཱ་ཞིའི་འདེམ་ཁུལ་དུ་རྒྱལ་ཁ་ཐོབ་ནས། རྒྱ་གར་གྲོས་ཁང་ཞོལ་མའི་གྲོས་མིར་བདམས་ཐོན་བྱུང་བ་རེད། གླེང་ཕྱོགས་ཀྱིས་ཡོངས་ཁྱབ་ཏུ་བལྟས་ན། མའོ་ཏིས་ཀྱིས་ཡང་བསྐྱར་བསྟུད་འགན་ཁུར་བའི་རེ་བ་ཡོད་པ་དང་། ཙུང་ལི་ཐོག་མ་ནེ་ཧི་ལུའུ་ཡི་རྗེས་སུ་ཐོག་དང་པོར་སྐབས་གསུམ་ལ་བསྟུད་འགན་ཁུར་བའི་རྒྱ་གར་གྱི་ཙུང་ལིར་འགྱུར་སྲིད་པར་འདོད།
ཐེངས་འདིའི་རྒྱ་གར་གྲོས་ཁང་ཞོལ་མའི་འདེམ་བསྐོ་དེ་ཟླ4བའི་ཚེས19ཉིན་ནས་དུས་རིམ་དགར་ནས་འདེམ་ཤོག་འཕངས་པ་དང་། ཟླ6པའི་ཚེས1ཉིན་མཇུག་སྒྲིལ། རྒྱ་གར་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་དེའི་སྔོན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཐེངས་འདིའི་འདེམ་བསྐོའི་ཁྲོད་འདེམ་ཤོག་འཕངས་པའི་ཚད2019ལོ་ལས་དམའ་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།