སི་ལོ་ཝུན་ནེ་ཡཱ་ཡིས་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱས།
2024.06.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

སི་ལོ་ཝུན་ནེ་ཡཱའི་རྒྱལ་དམངས་གྲོས་ཁང་གིས་ཚེས4ཉིན་འདེམ་ཤོག་འཕངས་ནས་ཕཱ་ལེ་སི་ཐན་རྒྱལ་ཁབ་དངོས་སུ་ཁས་ལེན་བྱེད་པར་ཆོག་མཆན་བཀོད་པ་དང་། བྱ་སྤྱོད་དེ་ཅཱ་ཧྲ་ས་ཁུལ་གྱི་དྲག་ཤུགས་འཁྲུག་རྩོད་མཚམས་འཇོག་པར་བཀག་འཇོག་བྱེད་པའི་ཐད་ཕན་ཐོགས་འབྱུང་བའི་རེ་བ་ཡོད།

སི་ལོ་ཝུན་ནེ་ཡཱའི་རྒྱལ་དམངས་གྲོས་ཁང་གིས་ཉིན་དེར་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་པའི་འབྲེལ་ཡོད་ཇུས་གཞིར་འདེམ་ཤོག་འཕངས་བ་དང་། གྲོས་མི་དགུ་བཅུའི་ཁྲོད་ཀྱི་གྲོས་མི53འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་ཡོད་ལ། དེའི་ནང་གྲོས་མི52ཡིད་འཐད་བྱུང་བ་དང་། ངོ་རྒོལ་བྱེད་པའི་འདེམ་ཤོག་གཅིག་ཀྱང་མེད། ངོ་རྒོལ་ཏང་ཁག་གཙོ་བོའི་གྲོས་མི་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་མེད། དེའི་རྗེས་སུ་སི་ལོ་ཝུན་ནེ་ཡཱའི་གྲོས་དཔོན་ཙུའུ་ཕན་ཆི་ཆི་ཡིས་ཁྱབ་བསྒྲགས་བྱས་དོན། སི་ལོ་ཝུན་ནེ་ཡཱ་ཡིས་ཕཱ་ལེ་སི་ཐན་རྒྱལ་ཁབ་དེ་སྒེར་ཚུགས་ཀྱི་བདག་དབང་རྒྱལ་ཁབ་ཡིན་པར་ཁས་ལེན་བྱས་པ་ཡིན་ཟེར།

སི་ལོ་ཝུན་ནེ་ཡཱའི་ཕྱི་འབྲེལ་བློན་ཆེན་ཧྥ་ཡུང་གིས་འདེམ་ཤོག་མ་འཕངས་གོང་གྲོས་ཁང་ནས་བསྟན་དོན། ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱས་ན་སི་ལོ་ཝུན་ནེ་ཡཱ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ལ་བརྩི་འཇོག་བྱེད་པའི་རྒྱལ་ཁབ་ཅིག་ཡིན་པའི་མཚན་སྙན་ཇེ་ཆེར་གཏོང་ཐུབ་པ་དང་། དབྱི་སི་རལ་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཕྱོགས་གཉིས་ལ་གནོན་ཤུགས་ཀྱང་སྟེར་ཐུབ་ཟེར།

སི་ལོ་ཝུན་ནེ་ཡཱའི་ཙུང་ལི་ཀི་ལོ་པུའུ་ཡིས་ཚེས4ཉིན་གྲོས་ཁང་ནས་བཤད་རྒྱུར། བདག་དབང་རྒྱལ་ཁབ་གཉིས་ཀྱིས་འདྲ་མཉམ་ངང་གྲོས་མོལ་བྱས་ན། ད་གཟོད་ཐུན་མོང་གི་ཐག་གཅོད་ཇུས་གཞི་རྙེད་ཐུབ། དེ་རིང་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱས་པ་ནི་ཞི་བདེའི་འཆར་གཞི་གཏན་འབེབས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཟེར།

ངོ་རྒོལ་ཏང་གཙོ་བོ་སི་ལོ་ཝུན་ནེ་ཡཱའི་དམངས་གཙོ་ཏང་གིས་བལྟས་ན། ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱས་ཀྱང་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་མི་སྲིད་ལ། སི་ལོ་ཝུན་ནེ་ཡཱའི་ཁེ་ཕན་ལ་གནོད་སྐྱེལ་སྲིད་པར་འདོད།

ཟླ5བའི་ཚེས9ཉིན། སི་ལོ་ཝུན་ནེ་ཡཱའི་སྲིད་གཞུང་གིས་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་པའི་ལས་རིམ་མགོ་བརྩམས་པ་དང་། ཚེས30ཉིན་ཁས་ལེན་ཇུས་གཞིར་གཅིག་གྱུར་གྲོས་འཆམ་བྱུང་ནས་གྲོས་ཁང་ལ་སྤྲད་དེ་མཇུག་མཐའི་ཆོག་མཆན་བཀོད་དུ་བཅུག་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།