དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་དབུས་རྒྱུད་ལ་འཇབ་རྒོལ་བྱས་ནས་ཉུང་མཐར་ཡང་མི་དོན་ལྔ་བསད།
2024.06.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ6པའི་ཚེས5ཉིན། ཕ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་གནས་ཚུལ་ལ་རྒྱུས་མངའ་ཡོད་མཁན་གྱི་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གིས་ཚེས4ཉིན་གྱི་དགོང་མོ་ནས་ཚེས5ཉིན་གྱི་ཞོགས་པའི་བར་དུ། ཅཱ་ཧྲ་ས་ཁུལ་དབུས་རྒྱུད་ཀྱི་ས་ཁུལ་མང་པོ་ཞིག་ལ་འགས་གཏོར་བཏང་ནས་ཉུང་མཐར་ཡང་མི75བསད་ཡོད་ཟེར།

སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དབུས་རྒྱུད་ཀྱི་པུའུ་ལའེ་ཅེ་ཡུལ་གྱར་བའི་སྒར་ས་དང་མའེ་ཅ་ཆིས་ཡུལ་གྱར་བའི་སྒར་ས། དེ་བཞིན་ཏེའར་པའེ་ལཱ་ཧི་གྲོང་ཁྱེར་གྱི་ཤར་རྒྱུད་བཅས་ལ་མཁའ་རྒོལ་བྱས་པ་དང་མེ་སྒྱོགས་འཕངས་བ་དང་། འཇབ་རྒོལ་དེས་བུད་མེད་དང་བྱིས་པ་ཚུད་པའི་མི75བསད་ཡོད་ལ། གཞན་ཡང་མི་བཅུ་ཕྲག་ཁ་ཤས་ལ་རྨས་སྐྱོན་བཟོས་ཡོད་ཟེར།

ཚེས5ཉིན། དབྱི་སི་རལ་དམག་དཔུང་གི་མགྲིན་ཚབ་པ་ཨ་ཏི་ལ་དབྱི་ཡིས་བཤད་རྒྱུར། གསང་འཕྲིན་ལས་མངོན་པ་ལྟར་ན། པུའུ་ལའེ་ཅེ་སྐྱབས་བཅོལ་བའི་སྒར་སའི་ཤར་རྒྱུད་དང་ཏེའར་པའེ་ལཱ་ཧི་གྲོང་ཁྱེར་གྱི་ཤར་རྒྱུད་དུ། “གཏོར་བཤིག་གཏོང་མཁན་དང་འཇིགས་སྐུལ་རྩ་འཛུགས་ཀྱི་སྒྲིག་བཀོད”གནས་པ་གསལ་བོར་ཤེས་ཐུབ་པའི་དབང་གིས། དབྱི་སི་རལ་དམག་དཔུང་གིས་ས་ཁུལ་དེ་དག་ལ་གནད་འཁེལ་རྡུང་རྡེག་གཏོང་བའི་བྱ་སྤྱོད་སྤེལ་ཡོད་ཟེར།

གཞན་ཡང་དབྱི་སི་རལ་རྒྱལ་སྲུང་དམག་གིས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ལྟར་ན། འདས་ཟིན་པའི་གཟའ་འཁོར་འགའི་རིང་ལ། དབྱི་སི་རལ་དམག་དཔུང་གི་ས་ངོས་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་ལྷོ་རྒྱུད་ཀྱི་ལཱ་ཧྥ་ས་ཁུལ་དུ། དམིགས་འབེན་རང་བཞིན་ཡོད་པ་དང་གསང་འཕྲིན་ལ་དམིགས་བཙུགས་ཏེ་དམག་དོན་བྱ་སྤྱོད་སྤེལ་བར་མ་ཟད། ལཱ་ཧྥ་གྲོང་ཁྱེར་དུ་རིང་ཚད་སྤྱི་ལེ2ཙམ་ཡོད་པའི་ས་འོག་ཕུག་ལམ་ཞིག་མེད་པར་བཟོས་ཡོད་ཟེར།

ཚེས5ཉིན་ཕ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། ན་ནིང་གི་ཟླ10པར་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་འཁྲུག་རྩོད་གསར་པ་བྱུང་བ་ནས་བཟུང་། དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་ནས། ཕ་ལེ་སི་ཐན་གྱི་མི་ཁྲི་གསུམ་དང་སྟོང་དྲུག་བསད་པ་དང་། མི་ཁྲི་བརྒྱད་དང་སྟོང་གསུམ་ལ་རྨས་སྐྱོན་བཟོས་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།