ཟླ6པའི་ཚེས5ཉིན། དབྱི་སི་རལ་གྱི་ཙུང་ལི་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉིས་ཡ་ཧུའུ་ཡིས་ཉིན་དེར་དབྱི་སི་རལ་གྱི་བྱང་རྒྱུད་མཁར་གྲོང་ཞེ་མོ་ན་ཡི་དམག་དོན་རྟེན་གཞི་ཞིག་ཏུ་གཟིགས་ཞིབ་བྱེད་སྐབས་བཤད་རྒྱུར། དབྱི་སི་རལ་ཕྱོགས་ཀྱིས་དབྱི་སི་རལ་བྱང་རྒྱུད་དུ་གནས་པའི་ལེ་པ་ནོན་ཀྲིན་ཀྲུའུ་ཏང་ལ“ཛ་དྲག་གི་དམག་དོན་བྱ་སྤྱོད་སྤེལ་རྩིས་ཡོད”ཟེར།
ཚེས2ཉིན། ལེ་པ་ནོན་ཀྲིན་ཀྲུའུ་ཏང་གིས་དབྱི་སི་རལ་བྱང་རྒྱུད་དུ་མེ་ཤུགས་འཕུར་མདེལ་འཕངས་ནས། མེ་གང་སར་མཆེད་པ་དང་། མེ་སྐྱོན་དེ་ཚེས2ཉིན་གྱི་དགོང་མོ་ནས་ཚེས3ཉིན་བར་གསོད་མ་ཐུབ་པར་མ་ཟད། བྱང་རྒྱུད་ཀྱི་གཞི་ཁྱོན་ཆེ་བའི་སྔོ་ཁེབས་དང་ཡུལ་མིའི་སྡོད་ཁང་མང་པོ་ཞིག་ལ་མེ་ཤོར་ནས་མེ་གསོད་ནང་ཞུགས་མཁན་དབྱི་སི་རལ་དམག་དཔུང་གི་དམག་མི་རེ་འགར་རྨས་སྐྱོན་ཆུང་ངུ་ཕོག་ཡོད། ལེ་པ་ནོན་ཀྲིན་ཀྲུའུ་ཏང་གིས་མེ་ཤུགས་འཕུར་མདེལ་དང་རང་ཤི་མི་མེད་གནམ་གྲུ་འཕེན་གཏོང་བྱས་པ་ར་སྤྲོད་བྱས་ནས། དབྱི་སི་རལ་དམག་དཔུང་གིས་དེ་སྔ་ལེ་པ་ནོན་གྱི་མངའ་ཁོངས་སུ་གནས་གཏན་འཁེལ་གྱི་གཙང་སེལ་བྱ་སྤྱོད་ལ་རྒོལ་ལན་སྤྲད།
ཚེས5ཉིན། ནེ་ཐ་ཉི་ཡ་ཧུའུ་ཡིས་ཞེ་མོ་ནའི་དམག་དོན་རྟེན་གཞི་ཞིག་ཏུ་མེ་སྐྱོན་གྱི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། ཁོས་དབྱི་སི་རལ་ཕྱོགས་ཀྱིས་བྱང་རྒྱུད་ཀྱི་བདེ་འཇགས་སླར་གསོ་བྱ་རྒྱུར་རྩེ་གཅིག་ཏུ་གཞོལ་ནས། བྱང་རྒྱུད་དུ“ཛ་དྲག་གི་དམག་དོན་བྱ་སྤྱོད”སྤེལ་རྩིས་ཡོད་ཟེར།
ཚེས4ཉིན་དབྱི་སི་རལ་དམག་དཔུང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། དབྱི་སི་རལ་དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པ་ཧ་ལའེ་ཝེ་ཡིས་ཉིན་དེར་དབྱི་སི་རལ་གྱི་བྱང་རྒྱུད་མཐའ་མཚམས་ས་ཁུལ་གྱི་དམག་སྒར་ཞིག་ཏུ་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གིས་བྱང་རྒྱུད་དུ་ལེ་པ་ནོན་ཀྲིན་ཀྲུའུ་ཏང་དང་དམག་འཐབ་ཟླ་ངོ་བརྒྱད་ཙམ་བྱས་ཡོད་ཟེར། ཉེ་ལམ། ཀྲིན་ཀྲུའུ་ཏང་གིས་དབྱི་སི་རལ་ཕྱོགས་ལ་འཇབ་རྒོལ་བྱེད་ཐེངས་སྔར་ལས་ཇེ་མང་དུ་ཕྱིན་པ་དང་། དབྱི་སི་རལ་དམག་དཔུང་གིས་བྱང་རྒྱུད་དུ་ཀྲིན་ཀྲུའུ་ཏང་ལ་ཕར་རྒོལ་བྱེད་རྒྱུའི་གྲ་སྒྲིག་བྱས་ཡོད།
ན་ནིང་གི་ཟླ10པའི་ཚེས7ཉིན། རེས་སྐོར་གསར་པའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བ་ནས་བཟུང་། ལེ་པ་ནོན་ཀྲིན་ཀྲུའུ་ཏང་གིས་དབྱི་སི་རལ་གྱི་བྱང་རྒྱུད་ལ་ཡང་ཡང་འཇབ་རྒོལ་བྱས་པ་དང་། དབྱི་སི་རལ་དམག་དཔུང་གིས་མཁའ་རྒོལ་དང་དབྱི་སི་རལ་གྱི་ལྷོ་རྒྱུད་ཀྱི་དམིགས་འབེན་ལ་མེ་སྒྱོགས་བརྒྱབ་ནས་འཁོན་ལན་སློག་བཞིན་ཡོད། ཕྱོགས་གཉིས་ཀ་ལེ་པ་ནོན་དང་དབྱི་སི་རལ་གྱི་མཐའ་མཚམས་སུ་འཁྲུག་རྩོད་བྱུང་བ་ནས་ད་ལྟའི་བར་དུ། ལེ་པ་ནོན་གྱི་ལྷོ་རྒྱུད་དང་དབྱི་སི་རལ་གྱི་བྱང་རྒྱུད་མཐའ་མཚམས་ས་ཁུལ་གྱི་ཡུལ་མི་འབོར་ཆེན་ཕྱིར་འཐེན་བྱས་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།