ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཚེས5ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྲུའུ་ཁའེ་ལི་དང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཁཱ་ནེ་ཡིས་ཉིན་དེར་ཁ་པར་གྲོས་མོལ་བྱེད་སྐབས་གཅིག་གྱུར་སྒོས་བལྟས་ན། ངེས་པར་དུ་མུ་མཐུད་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་བཏང་སྟེ། ཐག་གཅོད་བྱས་མེད་པའི་གནད་དོན་ཚང་མ་ཐག་གཅོད་བྱས་ནས་རྒྱུན་ལྡན་གྱི་འབྲེལ་བ་སླར་གསོ་བྱེད་པར་རྨང་འདིང་དགོས་པར་འདོད།
གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་གཙོ་བོ་ཨེ་ཅིབ་དང་དབྱི་ལིང་གི་འབྲེལ་བའི་རྒྱུན་ལྡན་ཅན་དང་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་ཁྱིམ་མཚེས་མཛའ་མཐུན་གྱི་རྩ་དོན་གཞིར་བཟུང་ཐོག ཧུར་ཐག་སྒོས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་མངོན་འགྱུར་བྱས་ནས་ས་ཁུལ་གྱི་གཏན་འཇགས་ལ་རྒྱབ་སྐྱོར་བྱེད་པར་ཡིད་འཐད་བྱུང་།
གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ད་རུང་ཨེ་ཅིབ་དང་ཁཱ་ཐར། ཨ་མེ་རི་ཁ་བཅས་ཀྱིས་དབྱི་སི་རལ་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་བར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་དུ་འཇུག་པའི་ཆེད་དུ་འདུམ་འགྲིག་བྱ་བ་སྤེལ་བཞིན་པར་གྲོས་བསྡུར་བྱས།
དབྱི་ལིང་ནས1979ལོར་དབྱི་སི་ལན་གསར་བརྗེ་བྱུང་ནས་པཱ་ལེ་ཝེའི་རྒྱལ་རབས་རྩ་རྫོགས་བྱས། ལོ་དེར་ཨེ་ཅིབ་དང་དབྱི་སི་རལ་གྱིས་ཞི་བདེའི་ཆིངས་ཡིག་བཀོད་པར་མ་ཟད། དབྱི་ལིང་གི་འཁྱམ་ཉུལ་རྒྱལ་བོར་ཆབ་སྲིད་འགེབས་སྲུང་འདོན་སྤྲོད་བྱས་པས། དབྱི་ལིང་གིས་དེའི་རྗེས་སུ་ཨེ་ཅིབ་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཁྱབ་བསྒྲགས་བྱས། རྒྱལ་ཁབ་གཉིས་ཀྱི་འབྲེལ་ཐག་བཅད་རྗེས། ཨེ་ཅིབ་དང་དབྱི་ལིང་གིས་ཕན་ཚུན་རྒྱལ་ཁབ་ཏུ་ཁེ་ཕན་འཐུས་མིའི་ཁྲུའུ་བཙུགས་ནས་ཕྱི་འབྲེལ་ལས་དོན་ཚབ་བསྒྲུབ་བྱེད་དུ་བཅུག
ཉེ་སྔོན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱུང་ཡོད་ཅིང་། ཟླ5བའི་ཟླ་མགོར་སྤེལ་བའི་དབྱི་སི་ལན་མཉམ་ལས་རྩ་འཛུས་ཀྱི་སྐབས་བཅོ་ལྔ་བའི་མགོ་གཙོའི་གྲོས་ཚོགས་སྐབས་སུ། ཧྲུའུ་ཁའེ་ལི་དང་དབྱི་ལིང་གི་ཚེ་ལས་འདས་པའི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གཉིས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།