མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ། བྲེལ་མྱུར་རོགས་སྐྱོར་མཐུན་སྦྱོར་པ་ཀི་ལི་ཧྥེ་སི་ཡིས་ཚེས4ཉིན་ལས་འགན་མ་བསྐྱུར་གོང་གི་ཆེས་མཇུག་མཐའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། འཛམ་གླིང་ཡོངས་ཀྱི་ས་ཁུལ་མང་བོའི་འཁྲུག་རྩོད་ཞི་འཇགས་སུ་འགྲོ་བའི་སྣང་ཚུལ་མེད་པ་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མ་དངུལ་ཧ་ཅང་དཀོན་ཟེར།
ཀི་ལི་ཧྥེ་སི་ཡིས་བཤད་རྒྱུར། འཛམ་གླིང་ཡོངས་སུ་མིག་སྔར་མི་དུང་ཕྱུར་གསུམ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མཁོ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཧུར་ཐག་སྒོས་མེ་སྒོར་ཐེར་ཆེན་བཞི་དང་ཐེར་འབུམ་དགུའི་རོགས་སྐྱོར་མ་དངུལ་བརྩོན་ལེན་བྱས་ཏེ། ད་ལོར་མི་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་བརྒྱད་ཙམ་ལ་རོགས་རམ་བྱེད་དགོས་ཀྱང་། ད་ལྟའི་བར་མེ་སྒོར་ཐེར་འབུམ་བརྒྱད་ཀྱི་ཞལ་འདེབས་མ་དངུལ་མ་གཏོགས་བསྡུ་ཐུབ་མེད། ད་ལོའི་ལོ་ཕྱེད་ཀྱི་དུས་ཚོད་འདས་པས། མི་ཆོས་རིང་ལུགས་ཀྱི་གནས་བབ་དེ་ད་ལྟ་ལྟར་དཀའ་སྡུག་གི་གནས་སུ་ལྷུང་མྱོང་མེད་ཟེར།
ཀི་ལི་ཧྥེ་སི་ཡིས་ཁོས་ལས་འགན་ཁུར་སྐབས་ཀྱི་ཅཱ་ཧྲ་ས་དང་སུའུ་ཏན། ཝུའུ་ཁི་ལན་སོགས་ཀྱི་ཉམས་ཉེན་ཆེན་པོར་ཕྱིར་དྲན་བྱས་པ་དང་། དེའི་ཞོར་དུ་སི་རི་ཡཱ་དང་ཡེ་མིན། ཧེ་ཐི་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་མི་དམངས་དག་གིས་སྔར་བཞིན་དཀའ་སྡུག་ཆེན་པོ་མྱོང་བཞིན་ཡོད་པའི་ཚུལ་བསྟན། ཀི་ལི་ཧྥེ་སི་ཡིས་བསྟན་དོན། ཁོ་རང་ཡོངས་ཁྱབ་ཏུ་གནས་པའི་ཉེས་པར་ཆད་གཅོད་མི་བྱེད་པའི་སྣང་ཚུལ་ལ་འཕང་སེམས་སྐྱེ་བཞིན་ཡོད་ཟེར།
ཀི་ལི་ཧྥེ་སི་ཡིས་ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན་ཁྱབ་བསྒྲགས་བྱས་དོན། ཁོ་རང་ཉིད་ཀྱི་ལུས་ཕུང་གནས་ཚུལ་དབང་གིས་ཟླ་དྲུག་པར་ལས་འགན་བསྐྱུར་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།