དབྱི་རག་གི་ཙུང་ལི་སུའུ་ཏཱ་ནེ་ཡིས་ཚེས6ཉིན་རྒྱལ་ས་པཱ་ཀི་ཏཱ་ནས་འཚམས་འདྲིར་ཡོང་བའི་ཕཱ་ལེ་སི་ཐན་གྱི་ཙུང་ལི་མུའུ་སི་ཐཱ་ཧྥ་དང་གྲོས་མོལ་བྱས་པ་དང་། དབྱི་རག་གིས་ཕཱ་ལེ་སི་ཐན་གྱི་བྱ་གཞག་ལ་ལངས་ཕྱོགས་བརྟན་པོ་བཟུང་ཡོད་པ་བསྐྱར་སྒྲོག་བྱས།
དབྱི་རག་གི་ཙུང་ལིའི་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སུའུ་ཏཱ་ནེ་དང་མུའུ་སི་ཐཱ་ཧྥ་གཉིས་ཀྱིས་ཕཱ་ལེ་སི་ཐན་གྱི་གནས་བབ་དང་། མུ་མཐུད་དུ་འབྱུང་བཞིན་པའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ལ་གྲོས་བསྡུར་བྱས་ཟེར།
སུའུ་ཏཱ་ནེ་ཡིས་བཤད་རྒྱུར། འབྲུ་རིགས་སྐྱེལ་འདྲེན་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཐད་འགྲན་རྩོད་དང་བཀག་རྒྱ་སྣ་ཚོགས་ཡོད་ཀྱང་། དབྱི་རག་གིས་ཕཱ་ལེ་སི་ཐན་མི་དམངས་ལ་རྣམ་པ་སྣ་ཚོགས་པའི་རྒྱབ་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་ཟེར།
མུའུ་སི་ཐཱ་ཧྥ་ཡིས་དབྱི་རག་གི་ལངས་ཕྱོགས་ལ་གཟེངས་བསྟོད་བྱས་པ་དང་། ཕཱ་ལེ་སི་ཐན་མི་དམངས་ཀྱིས་དབྱི་རག་སྲིད་གཞུང་གིས་ཕཱ་ལེ་སི་ཐན་ལ་རོགས་སྐྱོར་དངོས་རྫས་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ཟེར།
དབྱི་རག་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། དབྱི་རག་ཙུང་ཐུང་ལཱ་ཞེ་ཏི་ཡིས་ཀྱང་ཉིན་དེར་མུའུ་སི་ཐཱ་ཧྥ་དང་གྲོས་མོལ་བྱས། ལཱ་ཞེ་ཏི་ཡིས་བསྐྱར་སྒྲོག་བྱས་དོན། དབྱི་རག་གིས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་མི་དམངས་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་ཟེར།
ན་ནིང་ཟླ10བར་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་རག་གིས་ཨེ་ཅིབ་བརྒྱུད་དེ་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་སྐོར་ཐེངས་མང་བོ་སྐྱེལ་འདྲེན་བྱས། ད་ལོའི་ཟླ5བར། ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་ནས་ཡོང་བའི་རྨས་མ་སྐོར་ཁག་དང་པོ་དབྱི་རག་ཏུ་འབྱོར་ནས་གསོ་བཅོས་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།