མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཚེས6ཉིན་ཏན་མག་དང་ཞི་ལཱ། ཕཱ་ཁི་སི་ཐན། ཕཱ་ནཱ་མཱ། སོ་མཱ་ལི་བཅས་རྒྱལ་ཁབ་ལྔ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་ཏུ་བདམས།
བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་དེ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་མིང་མ་བཀོད་པར་འདེམ་ཤོག་འཕེན་པའི་ཐབས་ཀྱིས་གདམ་པ་ཡིན་ཞིང་། འདེམ་སྒུག་རྒྱལ་ཁབ་ལ་ཉུང་མཐར་ཡང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིའི་འདེམ་ཤོག་གི་སུམ་ཆའི་གཉིས་ཀྱི་འདེམ་ཤོག་ཐོབ་ན་བདམས་ཐུབ་པ་ཡིན། ཐེངས་འདིར་བདམས་པའི་རྒྱལ་ཁབ་ལྔ་བོར་འགྲན་ཡ་མེད་པ་དང་། ཚང་མ་འདེམ་ཤོག་ཁ་གྲངས་མཐོན་པོས་བདམས་ཐོན་བྱུང་བ་རེད།
གསར་ཏུ་བདམས་ཐོན་བྱུང་བའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་ལྔ་བོས་ཨེ་ཀྭ་ཏོར་དང་འཇར་པན། མཱ་ཐར། མའོ་སིང་པུས་ཁི། སུའེ་ཙེར་བཅས་ཀྱི་ཚབ་ཏུ2025ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་ལས་འགན་ཁུར་རྒྱུ་ཡིན་པ་དང་། འགན་ཡུན་ལོ་ངོ2རེད།
མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་བསྡོམས་པས་ཁོངས་གཏོགས་རྒྱལ་ཁབ་ལྔ་ཡོད་ཅིང་། དེའི་ནང་ཀྲུང་གོ་དང་ཧྥ་རན་སི། ཨུ་རུ་སི། དབྱིན་ཇི། ཨ་མེ་རི་ཁ་བཅས་ནི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པ་དང་། དེའི་འཕྲོའི་ཁོངས་གཏོགས་རྒྱལ་ཁབ་བཅུ་བོ་རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་ཡིན་པ་དང་། རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་ཀྱི་འགན་ཡུན་ལོ2ཡིན་ལ། འདེམ་བསྐོ་ལ་བརྟེན་ནས་ལོ་རེར་ལྔ་རེ་བརྗེ་སྤོར་བྱེད་པ་ཡིན་པ་དང་བསྟུད་འགན་ཁུར་མི་རུང་། རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་བཅུ་བོ་དེ་ས་ཁུལ་ལྟར་བགོ་བཤའ་བྱེད་པ་ཡིན་ཏེ། ཨ་ཧྥེ་རི་ཁ་གླིང་དུ་གསུམ་དང་། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་། ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ། ཡོ་རོབ་གླིང་ནུབ་མ་དང་ས་ཁུལ་གཞན་པར་སོ་སོར་གཉིས་རེ་དང་། ཡོ་རོབ་གླིང་ཤར་མ་ས་ཁུལ་དུ་གཅིག་བཅས་ཡོད།
བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་བའི་འགན་འཁྲི་ཁུར་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་གཙོ་བོ་ཞིག་ཡིན།
བསོད་ནམས་ཚེ་རིང་གིས་བསྒྱུར།