ཧྥ་རན་སི་ཡིས་ནོ་མན་ཏི་སྐམ་སར་བུད་དེ་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ།
2024.06.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ6ཚེས6ཉིན། ཧྥ་རན་སིས་ནུབ་བྱང་རྒྱུད་ཀྱི་ཁར་ཝ་ཏའོ་སི་ཞིང་ཆེན་དུ། ནོ་མན་ཏི་སྐམ་སར་བུད་ནས་ལོ80འཁོར་བའི་དྲན་གསོའི་བྱེད་སྒོ་སྤེལ། ཧྥ་རན་སི་དང་ཨ་མེ་རི་ཁ། དབྱིན་ཇི། འཇར་མན། ཁཱ་ནཱ་ཏཱ་སོགས་རྒྱལ་ཁབ20ལྷག་ཙམ་གྱི་གཙོ་འཛིན་དང་སྲིད་གཞུང་གི་འགོ་གཙོ། དེ་བཞིན་ནོ་མན་ཏིའི་གཡུལ་འགྱེད་ནང་ཞུགས་མྱོང་བའི་དམག་མི་རྒན་པ་སྐོར་གཅིག་བཅས་ཉིན་དེའི་དྲན་གསོའི་བྱེད་སྒོར་ཞུགས།

ཉིན་དེའི་སྔ་དྲོར། ནོ་མན་ཏི་ཡི་ཀྲུའུ་ནའོ་མཚོ་འགྲམ་དུ། ཧྥ་རན་སི་དང་དབྱིན་ཇིའི་མཉམ་འབྲེལ་དྲན་གསོའི་བྱེད་སྒོ་བསྡུས། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་དབྱིན་ཇིའི་རྒྱལ་པོ་ཁྲའར་སི་སྐུ་ཕྲེང་གསུམ་པ། དབྱིན་ཇིའི་དབུ་བཞུགས་བློན་ཆེན་སུའུ་ན་ཁི་སོགས་བྱེད་སྒོར་ཞུགས་པར་མ་ཟད། དྲན་གསོའི་རྡོ་རིང་ལ་མེ་ཏོག་གི་ཕྲེང་རྒྱན་ཕུལ།

ཉིན་གུང་མཱ་ཁི་ལུང་དང་ཧྥ་རན་སིར་རྒྱལ་དོན་འཚམས་འདྲིར་ཕེབས་པའི། ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་གཉིས། པིན་ཧའེ་ཁི་ལེ་ཝེ་ཨར་གྱི་ཨ་མེ་རི་ཁའི་དམག་དཔུང་གི་སྤྱི་པའི་བང་སོ་རུ་སྤེལ་བའི། ཧྥ་རན་སི་དང་ཨ་མེ་རི་ཁའི་མཉམ་འབྲེལ་དྲན་གསོའི་བྱེད་སྒོར་ཞུགས། མཱ་ཁི་ལུང་དང་པའེ་ཏིན་གྱིས་གསུང་བཤད་གནང་སྐབས། ནོ་མན་ཏི་སྐམ་སར་བུད་པའི་དམག་མི་ཚང་མར་གུས་འདུད་ཞུས། མཱ་ཁི་ལུང་གིས་ད་དུང1944ལོའི་ཟླ6པར། ནོ་མན་ཏི་སྐམ་སར་བུད་པའི་ཨ་མེ་རི་ཁའི་དམག་ཁོངས་ནས་བུད་པའི་དམག་མི11ལ་ཧྥ་རན་སིའི་གཟི་བརྗིད་དཔུང་སྡེ་ཡི་གཟེངས་རྟགས་གནང་།

ནོ་མན་ཏི་སྐམ་སར་བུད་པ་ནི་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་དུས་མཇུག་གི་ལོ་རྒྱུས་རང་བཞིན་གྱི་གཡུལ་འགྱེད་ཅིག་ཡིན། 1944ལོའི་ཟླ6པའི་ཚེས6ཉིན། དབྱིན་ཇི་དང་ཨ་མེ་རི་ཁའི་དམག་དཔུང་གཙོ་ཤུགས་ཡིན་པའི་མནའ་འབྲེལ་དམག་དཔུང་གི་མདུན་གྲལ་དམག་དཔུང་དབྱིན་ཇི་ནས་དབྱིན་ཇི་མཚོ་འགག་འཕྲེད་གཅོད་བྱས་ཏེ། གྲམ་ཐང་འཕྲོག་ནས་ཧྥ་རན་སིའི་ནོ་མན་ཏི་སྐམ་སར་བུད་ནས། ཡོ་རོབ་གླིང་གི་སྐམ་ས་ཆེན་པོར་གཡུལ་ས་གཉིས་པ་བསྐྲུན་པས། འཇར་མན་གྱི་ཧྥ་ཤི་སི་རྩ་མེད་དུ་གཏོང་ཚད་སྔར་ལས་ཇེ་མགྱོགས་སུ་བཏང་།

བན་དེ་སྐྱབས་ཀྱིས་བསྒྱུར།