ཧྥ་རན་སིའི་ཙུང་ཐུང་གིས་ཝུའུ་ཁི་ལན་ལ་འཐབ་འཛིང་གནམ་གྲུ་འདོན་སྤྲོད་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
2024.06.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས6ཉིན་ཁྱབ་བསྒྲགས་བྱས་དོན། ཧྥ་རན་སི་ཡིས་ཝུའུ་ཁི་ལན་ལ་འཐབ་འཛིང་གནམ་གྲུ་འདོན་སྤྲོད་བྱེད་རྒྱུ་མ་ཟད། ཝུའུ་ཁི་ལན་གྱི་འཕུར་སྐྱོད་པར་གསོ་སྦྱོང་བྱེད་པར་རོགས་རམ་བྱེད་རྒྱུ་ཡིན་ཟེར།

མཱ་ཁི་ལུང་ཉིན་དེར་ནོའུ་མན་ཏིས་སྐམ་སར་བུད་ནས་ལོ་ངོ80འཁོར་བའི་རྗེས་དྲན་བྱ་འགུལ་ལ་ཞུགས་རྗེས་ཧྥ་རན་སིའི་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཧྥ་རན་སི་ཡིས་ཝུའུ་ཁི་ལན་བར་མཉམ་ལས་གསར་བ་ལག་བསྟར་བྱས་ཏེ། ཝུའུ་ཁི་ལན་ལ་འཕྲུལ་གཟུགས-2000རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་འདོན་སྤྲོད་བྱེད་རྒྱུ་མ་ཟད། ད་ལོའི་དབྱར་ཁ་ནས་བཟུང་ཧྥ་རན་སིར་ཝུའུ་ཁི་ལན་གྱི་འཕུར་སྐྱོད་པར་གསོ་སྦྱོང་བྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་བསྟན་དོན། ཧྥ་རན་སི་ཡིས་ཝུའུ་ཁི་ལན་གྱི་དམག་མི་སྟོང་བཞི་དང་ལྔ་བརྒྱར་གསོ་སྦྱོང་བྱེད་པའི་རེ་བ་ཡོད་ཟེར།

མཱ་ཁི་ལུང་གིས་བཤད་རྒྱུར། ཧྥ་རན་སི་ཡིས་ཝུའུ་ཁི་ལན་ལ་འཐབ་འཛིང་གནམ་གྲུ་འདོན་སྤྲོད་བྱེད་པའི་དམིགས་ཡུལ་ནི་ཝུའུ་ཁི་ལན་གྱིས་རང་གི་མངའ་ཁོངས་དང་མཁའ་ཁོངས་ལ་སྲུང་སྐྱོབ་བྱེད་དུ་འཇུག་ཆེད་ཡིན་ཟེར།

མཱ་ཁི་ལུང་གིས་མིག་སྔའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་གླེང་སྐབས། དབྱི་སི་རལ་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་སྔ་མོ་ནས་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ད་རུང་བསྟན་དོན། ད་ལྟ་ཧྥ་རན་སི་ཡིས་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱེད་པའི་དུས་ལ་བབས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།