ཕུའུ་ཅིན་གྱིས་ཨུ་རུ་སིས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས་དཔལ་འབྱོར་སྒྲིག་གཞི་རང་བཞིན་གྱི་འགྱུར་ལྡོག་ལ་ཁ་གཏད་འཇལ་རྒྱུ་ཡིན་ཟེར།
2024.06.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཚེས7ཉིན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཧྲིན་པིས་ཏི་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་སྟེང་གཏམ་བཤད་གནང་སྟེ།  ཨུ་རུ་སིའི་སྲིད་གཞུང་གིས་ཨུ་རུ་སིའི་དཔལ་འབྱོར་གྱི་སྒྲིག་གཞི་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བཅུ་ལ་དམིགས་ཏེ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་བཏང་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་འགྱུར་བ་གཏོང་རྒྱུ་ཡིན་ཟེར།

ཕུའུ་ཅིན་གྱིས་གཏམ་བཤད་སྐབས་འཛམ་གླིང་གི་དཔལ་འབྱོར་འཕོ་འགྱུར་གཏིང་ཟབ་ཀྱི་དུས་རབས་སུ་སླེབས་པ་དང་སྣེ་མང་འཛམ་གླིང་ཆགས་བཞིན་ཡོད།     མིག་སྔར་དང་རྒྱང་རིང་ལ་བལྟས་ན།    རྒྱལ་ཁབ་ཀྱི་ནུས་པ་དང་གོ་གནས།    འབྱུང་འགྱུར་བཅས་ཚང་མ་འཛམ་གླིང་གི་འགྲན་སློང་ལ་ཁ་གཏད་ནུས་ལྡན་འཇལ་ཐུབ་མིན་དང་རྒྱལ་ནང་གི་སྦས་ཤུགས་འདོན་སྤེལ་བྱེད་ཐུབ་མིན།    འགྲན་རྩོད་ནུས་པའི་ཐད་ངན་འདོར་ལེགས་ལེན་བྱེད་ཐུབ་མིན་དང་།    རྒྱལ་ཁབ་གཞན་དག་བར་གྱི་གྲོགས་པོའི་འབྲེལ་བར་སྲུང་སྐྱོབ་དང་དེར་ཤུགས་སྣོན་ཐུབ་མིན་བཅས་ལ་རག་ལས་ཡོད་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སིའི་དཔལ་འབྱོར་ཕྱིར་གཏོང་ནང་འདྲེན་ཚོང་དོན་དང་།    དཔལ་འབྱོར་འཕར་བའི་ཁྱབ་ཁོངས།    ངལ་རྩོལ་ནུས་ཤུགས་ཁྲོམ་ར།    ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཆོད།  གཞི་གྲངས་ཅན་གྱི་འཕེལ་རྒྱས།    ལག་རྩལ་གསར་གཏོད།    ཁེ་ལས་འབྲིང་ཆུང་འཕེལ་རྒྱས།    ས་གནས་འཕེལ་རྒྱས་ཀྱི་སྦས་ཤུགས། དབུལ་ཕོངས་དང་འདྲ་མཉམ་མིན་པའི་སྣང་ཚུལ་བསྒྱུར་བ།    མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་བ་སོགས་ཀྱི་ཐད་སྒྲིག་གཞི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད།     ཨུ་རུ་སིས་དངུལ་རྩ་དང་ལག་རྩལ། ཤེས་ལྡན་མི་སྣ་སོགས་ཁྱབ་ཁོངས་སུ་མུ་མཐུད་དུ་ཤུགས་བཏོན་ནས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་འགྱུར་བ་གཏོང་ངེས་ཡིན་ཟེར།

ཧྲིན་པིས་ཏི་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་དེ1997ལོར་བཙུགས་པ་དང་། མིག་སྔར་ཨུ་རུ་སིའི་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཆེ་གྲས་གལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད།     སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་བྱ་གཙོ་བོ་ནི“སྣེ་མང་ཅན་གྱི་འཛམ་གླིང་གི་རྨང་གཞི་སྟེ་འཕར་སྣོན་གསར་པའི་ལྟེ་གནས་འཛུགས་པ”ཞེས་པ་དེ་རེད།

ཤ་བོ་རིན་མཚོས་བསྒྱུར།