ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣ་མང་པོ་འཛིན་བཟུང་བྱས།
2024.06.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

 ཚེས7ཉིན་ཡེ་མེན་སྲིད་གཞུང་གི་འགྲོ་བ་མིའི་ཐོབ་ཐང་དང་བཅའ་ཁྲིམས་ལས་དོན་པུའུ་ཀྲང་ཨའེ་ཧ་མའེ་ཏེ·ཨ་ཨར་མན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཡེ་མེན་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་ཉེ་ལམ་རྒྱལ་ས་སཱ་ན་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣ་མང་པོ་འཛིན་བཟུང་བྱས་པ་ར་སྤྲོད་བྱས།

ཨ་ཨར་མན་གྱིས་བཤད་རྒྱུར། ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་འདས་པའི་གཟའ་འཁོར་གཅིག་གི་ནང་འཛིན་བཟུང་གི་བྱ་སྤྱོད་ཐེངས་མང་སྤེལ།     ཚེས7ཉིན་བར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་མིའི་དོན་གཅོད་ཁྲུའུ་དང་མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་སོགས་ལས་ཁུངས་སུ་བྱ་བ་སྒྲུབ་པའི་ཡེ་མིན་གྱི་སྤྱི་དམངས18འཛིན་བཟུང་བྱས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་སི་ཐེ་ཧྥན་ན·ཏི་ཡ་ལི་ཁེས་ཉིན་དེར་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སཱ་ན་རུ་ལས་བྱེད་མི་སྣ11ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་འཛིན་བཟུང་བྱས་པ་གཏན་འཁེལ་བྱས་ཡོད།     མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་སེམས་ཁྲལ་ཧ་ཅང་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། མིག་སྔར་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་གཏུག་བྱས་ནས་འབྲེལ་ཡོད་མི་སྣ་གང་མགྱོགས་སྒོས་གཏོང་རྒྱུར་ཁག་ཐེག་བྱེད་བཞིན་ཡོད་ཟེར།

མིག་སྔར་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་དོན་དེའི་ཐད་གསལ་བསྒྲགས་སྤེལ་མེད།

2014ལོར། ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་ཡེ་མེན་གྱི་རྒྱལ་ས་སཱ་ན་འཕྲོག་ནས་ཡེ་མེན་སྲིད་གཞུང་ལྷོ་རྒྱུད་གྲོང་ཁྱེར་ཡ་ཏིང་དུ་གནས་སྤར་ནས་གཞུང་སྒྲུབ་བྱས།     ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་མིག་སྔར་རྒྱལ་ཁབ་དེའི་བྱང་རྒྱུད་ཀྱི་མངའ་ཁོངས་མང་ཆེ་བ་དང་རྒྱ་མཚོ་དམར་པོའི་གྲུ་ཁའི་གྲོང་ཁྱེར་གཙོ་བོ་ཧི་ཐའེ་ཏ་ཚོད་འཛིན་བྱས་ཡོད།

ཤ་བོ་རིན་མཚོས་བསྒྱུར།