ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་སྔར་ལས་མང་པོས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་སྐོར་གྱི་ཀྲུང་གོ་དང་པ་ཞིའི་ཐུན་མོང་ངོས་འཛིན་ལ་རྒྱབ་སྐྱོར་དང་དེའི་ཁྲོད་ཞུགས་པར་དགའ་བསུ་ཞུས།
2024.06.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཚེས7ཉིན།   མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་གཞོན་པ་ཀིན་ཧྲོང་གིས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཆབ་སྲིད་ཀྱི་སྟེང་ནས་ཐག་གཅོད་བྱ་རྒྱུའི་སྐོར་གྱི་ཀྲུང་གོ་དང་པ་ཞིའི་ཐུན་མོང་གི་ངོས་འཛིན་ནི།   མིག་སྔའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་ལ་དམིགས་ནས་ཆགས་ཐུབ་པའི་སྤྱི་ཆའི་གྲངས་འབོར་ཆེ་ཤོས་ཤིག་ཡིན་པ་དང་།  ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་སྔར་ལས་མང་པོས་རྒྱབ་སྐྱོར་བྱས་ནས་ཐུན་མོང་གི་ངོས་འཛིན་ཁྲོད་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན།

ཀིན་ཧྲོང་གིས་བཤད་རྒྱུར། ཉིན་དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཝུའུ་ཁི་ལན་གྱི་གནད་དོན་ལ་གྲོས་ཞིབ་བྱེད་སྐབས་གཏམ་བཤད་སྤེལ་ནས།  ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་དམག་འཁྲུག་སྔར་བཞིན་ནར་འགྱངས་བྱེད་པ་དང་། མི་ཆོས་ཀྱི་གནས་བབ་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་པ། ཕྱི་ཕྱོགས་སུ་ཐོན་པའི་ཉེན་ཁ་མུ་མཐུད་དུ་ཐོན་པ་བཅས་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོས་གདོང་ཐུག་དོ་བདག་ཕྱོགས་ཀྱིས་རྗེས་དཔག་བཟོད་སྒོམ་རྒྱུན་འཁྱོངས་བྱེད་པ་དང་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ལ་བརྩི་སྲུང་ནན་མོ་བྱས་ནས། མང་ཚོགས་དང་དམངས་སྤྱོད་རྨང་གཞིའི་སྒྲིག་ཆས་ལ་འཇབ་རྒོལ་མི་བྱེད་པའི་འབོད་སྐུལ་བཏང་པ་དང་དུས་མཚུངས་སུ་དོ་བདག་ཕྱོགས་ཀྱིས་མྱུར་དུ་གྲོས་མོལ་བྱས་ནས། དམག་འཁྲུག་མཚམས་འཇོག་རྒྱུའི་འབོད་སྐུལ་བཏང་པ་ཡིན།

ཀིན་ཧྲོང་གིས་བསྟན་དོན།  ཀྲུང་གོ་ནི་ཝུའུ་ཁི་ལན་གྱི་ཉམས་ཉེན་བཟོ་མཁན་དང་དེའི་ནང་ཞུགས་མཁན་མིན། གདོང་ཐུག་བྱུང་བ་ནས་བཟུང་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་བདེའི་ཁ་ཏ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས།   ཝུའུ་ཁི་ལན་གྱི་ཉམས་ཉེན་ཆབ་སྲིད་ཀྱི་སྟེང་ནས་ཐག་གཅོད་བྱ་ཆེད་འབད་བརྩོན་བྱེད་བཞིན་ཡོད།  ཡུན་རིང་མ་འགོར་བའི་སྔོན་ལ།  ཀྲུང་གོ་དང་པ་ཞིས་ཝུའུ་ཁི་ལན་གྱི་ཉམས་ཉེན་སྐོར་གྱི“ཐུན་མོང་གི་ངོས་འཛིན་དྲུག”མཉམ་དུ་སྤེལ་ནས།   ཕན་ཚུན་གྲོས་མོལ་བྱེད་པ་ནི་ཉམས་ཉེན་སེལ་བའི་ཐབས་ལམ་འབའ་ཞིག་ཡིན་ཞེས་ནན་བཤད་བྱས་པ་དང་།  ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ནས་གནས་བབ་ཞི་ལྷོད་དུ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་འབོད་སྐུལ་བཏང་། དུས་མཚུངས་སུ་ཕྱོགས་སོ་སོས་མི་ཆོས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  ཉིང་རྡུལ་མཚོན་ཆ་སྤྱོད་རྒྱུར་ངོ་རྒོལ་བྱེད་པ། ཉིང་རྡུལ་གློག་འདོན་ས་ཚིགས་ལ་ཕར་རྒོལ་བྱེད་པར་ངོ་རྒོལ་བྱེད་པ། གོ་ལ་ཧྲིལ་པོའི་ཐོན་ལས་ཕྲེང་སྦྲེལ་དང་མཁོ་སྤྲོད་ཕྲེང་སྦྲེལ་བརྟན་འཇགས་སྲུང་སྐྱོང་བྱེད་པར་འབོད་སྐུལ་བཏང་།   ཝུའུ་ཁི་ལན་གྱི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་དང་པོས་ཀྲུང་གོར་འཚམས་འདྲི་བྱས་ཚར་མ་ཐག་ཡིན་ལ།  ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་གྱི་གནད་དོན་ཐད་འབྲེལ་གཏུག་ཟབ་མོ་བྱས་པ་དང་།  ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཁི་ལན་ཕྱོགས་ལ“ཐུན་མོང་གི་ངོས་འཛིན་དྲུག་”ངོ་སྤྲོད་ཞིབ་ཕྲ་བྱས་ཡོད།  “ཐུན་མོང་གི་ངོས་འཛིན་དྲུག”དེ་རྒྱལ་ཁབ་མང་ཆེ་བའི་ཐུན་མོང་གི་རེ་བ་དང་མཐུན་ཞིང་།  མིག་སྔའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་ལ་དམིགས་ནས་ཆགས་ཐུབ་པའི་སྤྱི་ཆའི་གྲངས་ཀ་ཆེ་ཤོས་ཡིན་པ་ཀྲུང་གོའི་ཕྱོགས་ལ་ཡིད་ཆེས་ཡོད།   ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་སྔར་ལས་མང་པོས“ཐུན་མོང་གི་ངོས་འཛིན་དྲུག”ལ་རྒྱབ་སྐྱོར་དང་དེའི་ཁྲོད་ཞུགས་པར་དགའ་བསུ་ཞུ་རྒྱུ་དང་།  ཆབ་སྲིད་ཀྱི་སྟེང་ནས་ཐག་གཅོད་བྱེད་པའི་དགེ་མཚན་ལྡན་པའི་འཕེལ་ཕྱོགས་རིམ་བཞིན་རྒྱ་ཆེར་བཏང་ནས།   ཞི་བདེ་མངོན་འགྱུར་བྱེད་པའི་མདུན་ལམ་སྔར་ལས་འོད་སྟོང་འཕྲོ་བར་བྱེད་རྒྱུ་ཡིན།

ཀིན་ཧྲོང་གིས་བསྟན་དོན།   གདོང་ཐུག་འགྲན་རྒོལ་བྱེད་པར་རྒྱལ་ཁ་ཐོབ་མཁན་མེད་པ་དང་དམག་དོན་གྱི་བྱེད་ཐབས་ཀྱིས་ཡུན་རིང་ཞི་བདེ་ཡོང་མི་ཐུབ། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཞི་བས་ཐག་གཅོད་བྱ་རྒྱུར་ཕན་པའི་འབད་བརྩོན་མཐའ་དག་ལ་རྒྱབ་སྐྱོར་བྱ་རྒྱུ་དང་།  མུ་མཐུད་དུ་ཕྱི་རོལ་ཡུལ་དང་མཐུན་པའི་ལངས་ཕྱོགས་བཟུང་ནས་ཞི་བདེའི་ཁ་ཏ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་ཏེ།   འབྲེལ་ཡོད་ཕྱོགས་ཁག་དང་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་སྟེང་ནས་ཉམས་ཉེན་ཐག་གཅོད་བྱ་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན།

 གཡང་འབུམ་རྒྱལ་གྱིས་བསྒྱུར།