ཚེས7ཉིན། ཐུ་ནི་སི་གཞུང་ཕྱོགས་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཐུ་ནི་སི་དང་ཨར་ཅི་རི་ཡས་རྒྱལ་ཁབ་གཉིས་བར་གྱི་ལྕགས་ལམ་འགྲུལ་སྐྱེལ་ཞབས་ཞུ་སླར་གསོ་བྱ་རྒྱུ་གཏན་འབེབས་བྱས།
གནས་ཚུལ་སྤེལ་བའི་ནང་ཐུ་ནི་སི་དང་ཨར་ཅི་རི་ཡའི་ལྕགས་ལམ་སྡེ་ཚན་གྱི་འགན་འཁུར་བས་ཉིན་དེར་ཐུ་ནི་སིའི་རྒྱལ་ས་ཐུ་ནི་སི་གྲོང་ཁྱེར་དུ་ཚོགས་འདུ་བསྡུས་ནས། ཕྱོགས་གཉིས་ཀྱིས་དུས་རབས་གོང་མའི་ལོ་རབས90པ་ནས་བཟུང་རྒྱལ་གཉིས་ཀྱི་བར་མཚམས་ཆད་པའི་ལྕགས་ལམ་འགྲུལ་སྐྱེལ་ཞབས་ཞུ་སླར་གསོ་བྱ་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་འཁོད་ཡོད།
ཐུ་ནི་སིའི་ལྕགས་ལམ་སྡེ་ཚན་གྱི་འགན་འཁུར་བ་ཞིག་གིས་སྨྱན་བྱད་བརྒྱུད་ནས་རྒྱལ་ཁབ་གཉིས་ཀྱི་ལག་རྩལ་མི་སྣས་རང་སོ་སོའི་ལྕགས་ལམ་སྐྱེལ་འདྲེན་གནས་ཚུལ་ལ་དཔྱད་དཔོག་བྱས་པ་དང་། ཕྱོགས་གཉིས་ཀྱིས་ལག་རྩལ་གྲ་སྒྲིག་ལས་དོན་ལེགས་གྲུབ་བྱུང་རྗེས་རྒྱལ་མཚམས་སྒྲོལ་བའི་ལྕགས་ལམ་འགྲུལ་སྐྱེལ་བྱ་བ་སླར་གསོ་བྱ་རྒྱུ་ཡིན་ཟེར། མིག་སྔར་རྒྱལ་ཁབ་གཉིས་ཀྱིས་ཨར་ཅི་རི་ཡའི་ཤར་རྒྱུད་གྲོང་ཁྱེར་ཨན་ན་པ་ནས་ཐུའུ་ཉི་སི་གྲོང་ཁྱེར་བར་གྱི་འགྲུལ་སྐྱེལ་མེ་འཁོར་གཏོང་རྩིས་ཡོད་པ་དེ་ཐུ་ནི་སིའི་ཡུལ་སྐོར་ལས་རིགས་ལ་དོན་སྙིང་གལ་ཆེན་ལྡན།
ཨར་ཅི་རི་ཡ་ནི་ཐུ་ནི་སིའི་ཡུལ་སྐོར་བའི་ཡོང་ཁུངས་རྒྱལ་ཁབ་ཆེ་ཤོས་ཀྱི་གྲས་ཤིག་ཡིན། ཐུ་ནི་སིའི་ཡུལ་སྐོར་པུའུ་ཡི་གཞི་གྲངས་ལ་གཞིགས་ན། ཉེ་བའི་ལོ་ཤས་རིང་ལོ་རེ་བཞིན་ཨར་ཅི་རི་ཡའི་མི་ས་ཡ་གཅིག་ལྷག་གིས་རླངས་འཁོར་བསྐོར་བའམ་ཡང་ན་གནམ་གྲུར་བསྡད་ནས་ཐུ་ནི་སིར་ཡུལ་སྐོར་དུ་འགྲོ་བཞིན་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།