ཕུའུ་ཅིན་གྱིས་ཝུའུ་ཁི་ལན་གྱི་གནད་དོན་ཐད་གྲོས་ཐག་བཅད་པའི་ཆ་རྐྱེན་དང་མིག་སྔའི་དོན་དངོས་ལ་གཞིགས་ནས་གྲོས་མོལ་བྱེད་འདོད་ཡོད་ཟེར།
2024.06.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཚེས7ཉིན།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་གནད་དོན་ཐད་གྲོས་མོལ་བྱེད་འདོད་ཡོད་མོད།  འོན་ཀྱང་གྲོས་མོལ་བྱེད་སྐབས་ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་ཨུ་རུ་སི་དཀར་པོའི་མེན་སི་ཁི་དང་ཐུར་ཁེའི་དབྱི་སི་ཐན་པོར་གྱི་གྲོས་མོལ་གྱི་སྐབས་སུ་གྲོས་མོལ་བྱས་ཏེ་ཐག་བཅད་པའི་ཆ་རྐྱེན་དང་མིག་སྔའི་དོན་དངོས་གཞིར་འཛིན་དགོས་ཟེར།

ཕུའུ་ཅིན་ཉིན་དེར་ཧྲེང་པི་ཏེ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་སུ་ཞུགས་པ་པར་མ་ཟད་དྲི་བར་ལན་འདེབས་སྐབས།   དྲག་པོའི་གདོང་ཐུག་ཚང་མ་ཞི་བདེའི་གྲོས་མཐུན་ཐོག་ནས་མཇུག་འགྲིལ་རྒྱུ་རེད། ཨུ་རུ་སུས་སུ་ལའང་དམག་འཁྲུག་རྒྱག་མི་སྲིད།   ཨུ་རུ་སུར་དགོས་པ་ནི“རང་ངོས་ཀྱི་ཁེ་ཕན་དང་མཐུན་པ་མ་ཟད་བློས་འགེལ་ཆོག་པའི་གྲོས་མཐུན་འཇོག་རྒྱུ”དེ་ཡིན་ཟེར།

ཕུའུ་ཅིན་གྱིས་བསྟན་དོན།  ཨུ་རུ་སུའི་དམིགས་བསལ་དམག་དོན་བྱ་སྤྱོད་ཀྱི་དམིགས་འབེན་ཚང་མ་མངོན་འགྱུར་ཡོང་རྒྱུ་དང་དམིགས་བསལ་དམག་དོན་བྱ་སྤྱོད་ཀྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་ཐུབ་ཡོད་མོད།   འོན་ཀྱང་དེ་ལྟར་བྱས་ན་གྱོང་གུན་ཆེན་པོ་བཟོ་སྲིད་པས་ཨུ་རུ་སུའི་དམག་གྲོན་དེ་ངེས་པར་དུ་མིག་སྔའི་དགོས་མཁོ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་འཚམ་དགོས།

ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན།  ཉིང་རྡུལ་གྱིས་རྡུང་རྡེག་གཏོང་སྲིད་པའི་སྐོར་ནས་དོན་མེད་གྲོས་བསྡུར་བྱེད་མི་འོས། ཨུ་རུ་སུས་དམིགས་བསལ་གྱི་གནས་ཚུལ་འོག་ཉིང་རྡུལ་མཚོན་ཆ་སྤྱོད་སྲིད་པ་དང་། མིག་སྔར་ཉིང་རྡུལ་མཚོན་ཆ་སྤྱོད་དགོས་པའི་གནས་ཚུལ་ཐོན་པར་ངོས་འཛིན་བྱེད་ཀྱི་མེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།