ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས7ཉིན་ཕ་རེ་སི་རུ་ཁྱབ་བསྒྲགས་བྱས་དོན། ཧྥ་རན་སིས་དཔལ་འབྱོར་དང་དམག་དོན་སོགས་ཐད་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་སྔར་ལས་མང་པོ་འདོན་སྤྲོད་བྱ་རྒྱུ་ཡིན་ཟེར། ཧྥ་རན་སིར་འཚམས་འདྲི་བྱེད་བཞིན་པའི་ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་གྱིས་ཉིན་དེར་ཝུའུ་ཁི་ལན་ལ་རེས་སྐོར་གསར་པའི་རོགས་སྐྱོར་བྱ་རྒྱུ་ཁྱབ་བསྒྲགས་བྱས།
མཱ་ཁི་ལུང་གིས་ཉིན་དེར་ཙུང་ཐུང་བཞུགས་ཤག་ཨའེ་ལིས་ཧྲི་ཕོ་བྲང་དུ་འཚམས་འདྲིར་ཕེབས་པའི་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙི་ལན་སི་ཅི་དང་མཉམ་དུ་གསར་འགོད་པའི་ཚོགས་འདུ་བསྡུ་སྐབས་ཁྱབ་བསྒྲགས་བྱས་དོན། ཧྥ་རན་སིས་ཡོ་སྒོར་དུང་ཕྱུར2མཁོ་འདོན་བྱས་ནས་ཝུའུ་ཁི་ལན་གྱི་འགྲིམ་འགྲུལ་དང་ནུས་ཁུངས། འཕྲོད་བསྟེན་སོགས་འགག་རྩའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་སྤྱོད་རྒྱུ་ཡིན་པ་དང་། དེའི་ནང་ཡོ་སྒོར་བྱེ་བ་དྲུག་ཆེད་དུ་ནུས་ཁུངས་སྒྲིག་བཀོད་འཛུགས་སྐྲུན་ཐད་སྤྱོད་རྒྱུ་ཡིན་ཟེར།
མཱ་ཁི་ལུང་གིས་ཚེས6ཉིན་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་ཁས་ལེན་བྱས་དོན། ཧྥ་རན་སི་ཡིས་ཝུའུ་ཁི་ལན་ལ“འཕྲུལ་གཟུགས”རྟགས་ཅན་གྱི་དམག་འཐབ་གནམ་གྲུ་མཁོ་འདོན་བྱས་ནས་ཝུའུ་ཁི་ལན་གྱི་འཕུར་སྐྱོད་པ་གསོ་སྦྱོང་བྱེད་རོགས་བྱ་རྒྱུ་མ་ཟད། ཝུའུ་ཁི་ལན་གྱི་དམག་མི4500ལ་གསོ་སྦྱོང་བྱ་རྒྱུ་བསྐྱར་བསྒྲགས་བྱས། ཁོས་ད་རུང་བསྟན་དོན། ཧྥ་རན་སི་ཡིས་ཡོ་རོབ་མནའ་འབྲེལ་གྱི་རིམ་པའི་ཐོག་ནས་ཝུའུ་ཁི་ལན་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར།
མཱ་ཁི་ལུང་གིས་བསྟན་དོན། ཧྥ་རན་སི་ཡིས་ཨུ་རུ་སི་དང་དམག་འཁྲུག་བརྒྱབ་མེད། དེ་ལྟར་བྱས་པའི་རྒྱུ་མཚན་ནི“རྒྱུན་ཆད་མེད་པར་ཇེ་སྡུག་ཏུ་འགྲོ་བའི་དུས་བབ་ལ་ཚོད་འཛིན་བྱ་རྒྱུར་རེ་བ་བྱེད་པ་ཙམ་ཡིན”ཟེར།
ཧྥ་རན་སིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཧྥ་རན་སིར་རྒྱལ་དོན་འཚམས་འདྲི་བྱེད་བཞིན་པའི་པའེ་ཏིན་གྱིས་ཉིན་དེར་ཕ་རེ་སི་རུ་ཙི་ལན་སི་ཅི་དང་ཐུག་འཕྲད་བྱེད་སྐབས་ཁྱབ་བསྒྲགས་བྱས་དོན། ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་རེས་སྐོར་གསར་པའི་རོགས་སྐྱོར་ཨ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ས་ཡ་ལྔ་མཁོ་འདོན་བྱ་རྒྱུ་ཡིན་ཟེར།
ཤ་བོ་གསེར་མཚོས་བསྒྱུར།